དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-11-01

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཧྥུའུ་ཧྲན་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་ཨའི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོ་རོགས་ཟླ་བྱེད་པ་དང་གྲོགས་སུ་བརྟེན་དོན་ནི་ལོ་རྒྱུས་ཀྱི་བློ་འབྱེད་ཅིག་རེད་ལ། དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་རེད། རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་བར་བརྟེན། མི་མཐུན་པའི་ཕྱོགས་འགའ་བྱུང་བ་ནི་ལྡོག་ཐབས་མེད་པ་ཞིག་རེད་ལ། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་ཡིན་པར་བརྟེན། སྐབས་འགར་འགལ་ཟླ་ཐོན་སྲིད་པ་དེ་ཡང་རྒྱུན་གཏན་ཞིག་རེད། རླུང་རླབས་དང་འགྲན་སློང་གི་མདུན་དུ་ཁ་སྒྱུར་ཕྱོགས་སྟོན་བྱེད་མཁན་ཡིན་པའི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ངེས་པར་དུ་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་སྤྱི་ཡོངས་སྟངས་འཛིན་ཐུབ་པ་བྱས་ཏེ། ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་བརྟན་པོའི་ངང་མདུན་སྐྱོད་ཐུབ་པར་བྱེད་དགོས། ངས་མུ་མཐུད་ཙུང་ཐུང་ཐེ་རོན་ཕུའུ་དང་ལྷན་དུ་ཀྲུང་ཨའི་འབྲེལ་བའི་རྨང་གཞི་བརྟན་པོ་བཏིང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་5.2%ཟིན་པ་དང་། གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་4%འཕར་ཡོད། དེ་ནི་ཕྱི་ནང་གི་དཀའ་ངལ་ཁྱད་བསད་བྱས་ནས་བྱུང་བ་ཞིག་ཡིན་པ་ལས། ལས་སླ་པོར་ཐོབ་པ་ཞིག་མིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བར་གཞི་ཁྱོན་དང་། མཉེན་གཤིས། མི་མངོན་པའི་སྟོབས་ཤུགས་བཅས་ཆེ་ཙམ་ལྡན་ཡོད་པས། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གདེང་ཚོད་ཡོད་ལ་ནུས་པ་ཡང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ལོ་70ལྷག་ཙམ་རིང་། ང་ཚོས་འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་རྒྱུ་མཐའ་འཁྱོངས་བྱས་ཏེ། གཅིག་རྗེས་གཉིས་མཐུད་ངང་ལས་དོན་བསྒྲུབས་པ་དང་། སུ་ཞིག་ལ་འགྲན་སློང་དང་སུ་ཞིག་གི་ཚབ་བྱེད་པའི་བསམ་བློ་གཏན་ནས་མི་བཅངས་པར་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ། རང་ཉིད་དེ་བས་ཡར་རྒྱས་ཡོང་བར་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད། འདི་ནི་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ཐབས་ལམ་གལ་ཆེན་དེ་ཡིན། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་གཏོང་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་དེས་ཀྲུང་ཨའི་མཉམ་ལས་ལ་དེ་བས་ཡངས་པའི་བར་མཐོངས་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པའི་ཐུན་མོང་ངོས་འཛིན་གྲུབ་པར་བྱེད་དགོས། ཕྱོགས་གཉིས་པོའི་ཚོགས་པས་རྗེས་མཐུད་ཀྱི་ལས་དོན་གང་མགྱོགས་ཞིབ་ཚགས་སུ་གཏོང་བ་དང་གཏན་འཁེལ་བྱས་ཏེ། ཐུན་མོང་གི་ངོས་འཛིན་ལ་སྲུང་སྐྱོང་དང་དོན་འཁྱོལ་ཡག་པོ་དང་གྲུབ་འབྲས་ཏན་ཏིག་ཐོབ་པར་བྱས་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་ལ“སེམས་རྣལ་རིལ་བུ”སྦྱིན་དགོས། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཉེ་དུས་བར་ཆད་འཕྲད་པ་ལས་ཕྱོགས་གཉིས་པོར་བློ་སྒོ་འགའ་ཕྱེ་ཡོད། དཔལ་འབྱོར་ཚོང་དོན་དེ་ཀྲུང་ཨའི་འབྲེལ་བའི་རྨང་རྡོ་དང་སྐུལ་འདེད་ཀྱི་བྱ་ཐབས་ལ་མུ་མཐུད་འགྱུར་བ་བྱེད་པ་ལས། བཀག་རྡོ་དང་འགལ་རྐྱེན་དུ་འགྱུར་མི་རུང་། ཕྱོགས་གཉིས་པོས་རྩིས་ཞིབ་ཕྲ་བརྒྱབ་ནས་མཉམ་ལས་ལས་བྱུང་བའི་ཕུགས་ཀྱི་ཁེ་ཕན་ལ་མང་ཙམ་ལྟ་བ་ལས། ཕན་ཚུན་འཁོན་ལན་སློག་པའི་ངན་པའི་འཁོར་རྒྱ་ལས་ཐར་བར་བྱེད་དགོས། ཕྱོགས་གཉིས་པོའི་ཚོགས་པས་མུ་མཐུད་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་གྲོས་མོལ་བྱས་ནས། རྒྱུན་ཆད་མེད་པར་གནད་དོན་གྱི་གསལ་ཐོ་ཇེ་ཉུང་དུ་གཏོང་བ་དང་མཉམ་ལས་ཀྱི་གསལ་ཐོ་ཇེ་མང་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁ་གཏད་དུ་ལངས་པ་ལས་སྐད་ཆ་ཤོད་རེས་བྱས་ན་དགའ། ཀྲུང་ཨའི་དབར་གྱི་ཐབས་ལམ་ཁག་དང་རིམ་པ་ཁག་གི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་དགོས། ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པ། མི་ཐབས་རིག་ནུས། འགོ་ནད་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱལ་ཁབ་གཉིས་པོར་མདུན་ལམ་བཟང་པོ་ལྡན་པས། ཁ་གཏད་ཚན་པས་གླེང་མོལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཕན་མཉམ་ལས་བྱེད་དགོས་ལ། ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོ་དང་ཨ་རིས་མཉམ་འགུལ་ཡག་པོ་བྱེད་དགོས། དེང་གི་འཛམ་གླིང་ལ་ད་དུང་དཀའ་གནད་མང་པོ་འཕྲད་ཡོད་པས། ཀྲུང་གོ་དང་ཨ་རིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་དུ་མངོན་པར་བྱས་ཏེ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་། དོན་དངོས། བྱ་བ་བཟང་པོ་བཅས་མང་ཙམ་སྒྲུབ་དགོས། སང་ལོ་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་། ཨ་རིས་ཀྱང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་རེད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་གྱིས་དབུ་ཚོགས་གཉིས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ལེགས་སྐྱེས་འབུལ་དགོས།

    ཐེ་རོན་ཕུའུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་མི་རྣམས་ཀྱི་གུས་བཀུར་ཐོབ་པའི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་ཡིན་པ་མ་ཟད། ངའི་ལོ་མང་གི་གྲོགས་པོ་ཡག་པོ་ཞིག་ཀྱང་ཡིན་པས། ངེད་གཉིས་ཧ་ཅང་འཆམ་པོ་ཡོད། ཨ་ཀྲུང་གི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡག་པོ་ཡོད་པ་དང་། འབྱུང་འགྱུར་དེ་བས་ཡག་ཏུ་འགྲོ་ངེས་རེད། ཀྲུང་གོ་དང་ཨ་རིའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་རེ་བ་ཡོད། ཀྲུང་གོ་ནི་ཨ་རིའི་རོགས་ཟླ་ཆེ་ཤོས་དེ་ཡིན། རྒྱལ་ཁབ་གཉིས་པོ་ལག་གདང་སྦྲེལ་ཚེ་འཛམ་གླིང་ཐོག་དོན་ཆེན་མང་པོ་བསྒྲུབ་ཐུབ་པ་དང་། འབྱུང་འགྱུར་ཨ་རི་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་རེད། ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རྒྱུ་དང་། ཨ་རིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་འཚོག་རྒྱུ་ཡིན་པས། ཕྱོགས་གཉིས་པོར་གྲུབ་འབྲས་བཟང་པོ་ཐོབ་པ་མཐོང་འདོད་འདུག

    ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མོས་མཐུན་གནང་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱུན་གཏན་རང་བཞིན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་ཞིང་། ཐེ་རོན་ཕུའུ་ཡིས་སང་ལོ་ཀྲུང་གོར་འཚམས་འདྲི་ཞུ་རྒྱུར་རེ་སྒུག་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲིར་ཕེབས་རྒྱུའི་གདན་ཞུ་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་ཞལ་འཛོམས་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།