དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ནས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2025-10-31

    དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ཐུན་མོང་འབྱོར་ཕྱུག་ཡོང་བའི་དམིགས་ཚད་བླང་བྱ་ཁོང་དུ་བརྟན་པོར་ཆུད་དེ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ནས་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། མི་དམངས་དུང་ཕྱུར་མང་པོས་རྒྱང་ལམ་གསར་པའི་ཐོག་ངར་སེམས་ཆེར་སྐྱེད་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་སྐུལ་ལྕག་བྱས་ཡོད།

    མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་བྱེད་པ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ཞིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་མཐའ་དག་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ཀྱི་འཚོ་བ་ཡག་པོ་ཞིག་སྐྱེལ་ཆེད་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་མཐའ་འཁྱོངས་དང་མི་དམངས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིགས་བྱས་ཏེ་ཁུལ་ཁོངས་མཐུན་སྦྱོར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཐོག་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི་1200ཡན་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་79ལ་སླེབས་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་མཇུག་རྩིས་བརྒྱབ་པ་དེས་མི་ཐེངས་དུང་ཕྱུར་5.6ལ་ཕན་བཏགས་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་བསྡོམས་92%ཟིན་པ་ལ་སོགས་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སུ་བརྩིས་ནས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་གི་ཆུ་ཚད་མཐོ་རུ་བརྟན་པོ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་རུ་ཕྱིན་པ་དང་། དེ་བས་འགན་སྲུང་ཐུབ་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་བྱུང་ཡོད། དུས་རབས་གསར་པའི་ཀྲུང་གོའི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་བའི་གྲོགས་པོ་ཕྱི་རྒྱལ་བ་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བྱ་བ་དངོས་བསྒྲུབས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྣེ་ཁྲིད་བྱས་ཡོད་ཅེས་གདེང་འཇོག་བྱས་པ་རེད།

    ཐུན་མོང་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་ནི་འགུལ་རྣམ་ཁྲོད་དུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་མཛུབ་ཁྲིད་བསམ་བློའི་ནང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་གོམ་སྟབས་བརྟན་པོ་སྤོ་དགོས་པའི་ནན་བཤད་མངོན་གསལ་དོད་པོ་བྱས་པ་དེ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་ཁྲིད་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་བླང་བྱ་ཞིག་རེད། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་ཁ་གསལ་བཏོན་པ་དང་། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱ་རྒྱུ་དེ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཏུ་འཛིན་དགོས་པ་ཁ་གསལ་བཏོན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དམིགས་ཚད་གཙོ་བོའི་གྲས་ཤིག་ཏུ་བརྩི་དགོས་པ་ཁ་གསལ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ལས་ཞུགས་དང་། ཡོང་འབབ། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ། ཕྲུ་གུ་བཅོལ་གསོ་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ལ་དམིགས་ནས། དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་གྱི་སྲིད་ཇུས་དང་བྱ་ཐབས་ཁག་གཅིག་བཀོད་སྒྲིག་བྱས་པ་དང་། ས་ཁོངས་ཀྱི་ཧེ་བག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུར་དམིགས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཁོངས་དཔལ་འབྱོར་བཀོད་སྒྲིག་ལེགས་སུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱ་ཐབས་དངོས་ཁག་གཅིག་བཀོད་སྒྲིག་བྱས་པ། མི་དམངས་ཀྱི་བསམ་པའི་འཚོ་བ་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་རྩོམ་གྱི་གསོན་ཤུགས་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར། དར་རྒྱས་ཆེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ལ། དར་རྒྱས་ཆེ་བའི་གྲོང་གསེབ་ཀྱང་འཛུགས་སྐྲུན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་གཏོང་བ་ནས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞི”མི་སེར་གྱི་སྒོ་རྩ་བར་འདིང་བའི་ཕྱུག་འགྱུར་ལམ་དང་། བདེ་སྐྱིད་ལམ། སེམས་སྦྲེལ་ལམ། དར་རྒྱས་ལམ་བཅས་བར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དང་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་སྔར་ལས་བདེ་བླག་ནུས་ཆེ་དང་། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་པ་བྱུང་ནས་2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བསྡུར་ཚད་2020ལོ་ལས་0.22ཆག་ཡོད། ལག་ལེན་དངོས་ལས་ར་འཕྲོད་ཐུབ་པར། བཟོ་ལས་དང་ཞིང་ལས་སྐུལ་འདེད་གཏོང་རེས་དང་། གྲོང་ཁྱེར་དང་གྲོང་གསེབ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་དར་རྒྱས་བཅས་ཀྱི་བཟོ་ལས་དང་། ཞིང་ལས། གྲོང་ཁྱེར། གྲོང་གསེབ་བཅས་ཀྱི་འབྲེལ་བ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གཞི་ནས་མངོན་འགྱུར་བྱེད་ཐུབ།

    རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བར་སྤྱི་ཡོངས་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་དོན་སྙིང་ལྡན་ཡོད། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལེགས་ཆ་མངོན་གསལ་དོད་པ་དང་། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ། ལས་ཞུགས་ཐུབ་མང་བ་བཅས་ཀྱི་རྫོང་ཁོངས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཚེ། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།