དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་དེ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2025-10-31

    འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གནང་ནས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆེན་གལ་ཆེན་ཞིག་དང་། རང་རྒྱལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་བཀོད་ཇུས་ཤིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་སྟོབས་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཤར་བགྲོད་ཐུབ་པའི་ཐད་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། 2020ལོའི་ལོ་འགོར། དུས་རབས་རིམས་ནད་ཀྱི་རྡབ་རྡེབ་འོག་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཆ་ཤས་ལ་གས་ཆགས་བྱུང་ནས། རང་རྒྱལ་གྱི་རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས“མང་འདྲེན་མང་གཏོང་གི་ཁོར་ཡུག་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཟིན་པས། ངེས་པར་དུ་དུས་བབ་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་འདོན་དགོས་པ”མཁྱེན་ནས། “རྒྱུན་འཁོར་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ནང་གྲོས་བྱུང་ཡོད། འགག་རྩའི་དུས་ཀྱི་འགག་རྩའི་གདམ་ག་ལས་རང་རེའི་ཏང་གིས་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ནས་དཔལ་འབྱོར་རྒྱལ་ཁབ་སྟོབས་ཆེན་དུ་བསྒྱུར་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་གྱི་ལམ་བུའི་གདམ་ག་ཁ་གསལ་བྱུང་སྟེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རླུང་བརྟེན་རླབས་གཤགས་དང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྣེ་ཁྲིད་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་ལྟ་བྱེད་སྐབས། ཏང་ཀྲུང་དབྱང་གིས་སྔོན་ལ་ལག་ལེན་བསྟར་བའི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོར་དེ་བས་མྱོང་ཚོར་གཏིང་ཟབ་ཡོང་ཐུབ། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དང་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་གྲས་ཨང་དང་པོར་བརྟན་པོར་གནས་ཤིང་། 2021ལོ་ནས་2024ལོ་བར་ནང་མཁོས་དཔལ་འབྱོར་འཕར་བར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་86.4%ཟིན་ཡོད། དངོས་ཟོག་ཚོང་དོན་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་བརྟན་པོར་གནས་ནས། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་2020ལོའི་སྒོར་དུང་ཕྱུར་ཁྲི་32.2ནས་2024ལོའི་སྒོར་དུང་ཕྱུར་ཁྲི་43.8བར་མང་དུ་ཕྱིན་ཏེ་ལོ་རེར་ཆ་སྙོམས་8.0%འཕར་བ་སོགས་ལས་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འོག་ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོའི་བྱེད་པོའི་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། བར་མཐོངས་བཀོད་སྒྲིག་རིམ་བཞིན་ལེགས་སུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱི་སྤུས་ཚད་མཐོ་རུ་བརྟན་པོ་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ། བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་པས་གསོན་ཤུགས་དང་། མཉེན་ཤུགས། མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད།

    ཕྱི་རོལ་གྱི་ཁོར་ཡུག་ཛ་དྲག་ལ་རྙོག་འཛིང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྔར་བས་མགྱོགས་པོ་བཏོད་དེ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། མིག་སྔར། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ལས། ང་ཚོར་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་དང་། རྒྱལ་ནང་གི་དཔལ་འབྱོར་རྒྱུན་འཁོར་མ་ལག་ཆེན་པོ་མགྱོགས་མྱུར་ཆགས་པར་བྱས་ཏེ། རྒྱལ་ནང་རྒྱུན་འཁོར་གྱི་བརྟན་པོའི་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་རྒྱུན་འཁོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་པའི་བླང་བྱ་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་དང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་འཛུགས་པའི་ཐད་བཀོད་སྒྲིག་བྱས་ཡོད། དེ་དང་དུས་མཚུངས་རྒྱལ་སྤྱིའི་རྒྱུན་འཁོར་རྒྱ་སྐྱེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་པ་བཅས་བཏོན་པ་དེ་ནི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ་དང་། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྔར་བས་གཏོད་པའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་རེད།

    རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་ཚང་མ་ནང་མཁོ་གཙོ་ཁྲིད་དུ་བྱེད་པ་ཞིག་དང་། ཁྲོམ་ར་ནི་དེང་སྐབས་འཛམ་གླིང་དུ་ཁ་ཐང་ཤོས་ཀྱི་ཐོན་ཁུངས་ཤིག་ཡིན་པས། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་རྒྱབ་རྟེན་ཞིག་རེད།

    རང་རྒྱལ་གྱི་ཐོན་ལས་མ་ལག་དང་རྨང་གཞིའི་སྒྲིག་བཀོད་མ་ལག་གི་ལེ་ལག་འཐུས་སྒོ་ཚང་ཞིང་། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་ཡིན་ནའང་འདྲ། ཡང་ན་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་གི་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་བ་གང་ཞིག་ཡིན་རུང་། ཚང་མས་མ་འཇོག་དང་འཛད་སྤྱོད་ཀྱི་རྒྱུན་འཁོར་བཟང་པོ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ནས། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་ཐུབ།

    ཚང་འཛོམས་གྲོས་ཚོགས་ཐོག ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་བྱེད་དགོས་པ་བཏོན་པ་ལས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་རྒྱུན་མཐུད་རང་བཞིན་མངོན་ཡོད། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དངོས་པོའི་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཛད་སྤྱོད་དང་མ་འཇོག་དང་། མཁོ་སྤྲོད་དང་དགོས་མཁོ་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོའི་ནང་གནས་ཀྱི་སྒུལ་ཤུགས་དང་བློས་འགེལ་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་རེད། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་ནས་འགག་གནད་སྣ་ཚོགས་སེལ་བ་དང་། ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་ར་བགོ་བཤའ་མེད་པར་བཟོས་ཏེ། “ནང་རྨུག་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས་པ་དང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཁེ་སྤོགས་གང་ལེགས་ཐོན་ཆེད་རེད། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་པོ་འཛུགས་པ་དང་། གཉེར་སྐྱོང་བྱེད་པོ་ཁག་གི་གསོན་ཤུགས་འཕེལ་བར་བྱེད་པ། གཙོ་རྒྱུའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲོམ་ར་ནུས་ལྡན་དང་གོ་རིམ་ལྡན་པ་དང་། སྲིད་གཞུང་ལས་ཕྱོད་ཆེ་བ་དང་ཚད་དང་ལྡན་པ་བྱས་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་འགྲོ་ངེས་རེད།

    ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་ལས་ཀྲུང་གོས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པའི་གདེང་ཚོད་དང་ཆོད་སེམས་མངོན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་4%འཕར་བ་དང་། དེའི་ནང་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་7.1%འཕར་ནས་ཁོར་ཡུག་གི་མཐུན་རྐྱེན་བཟང་པོ་མེད་པའི་ཁྲོད་འཕར་སྣོན་བྱུང་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་རླབས་རྒྱུན་ལྡོག་ཏུ་འཕྱུར་ཡང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་དུ་སྐྲུན་པ། རྒྱལ་ནང་གི་ཁྲོམ་ར་དང་རྒྱལ་སྤྱིའི་ཁྲོམ་ར་ཤར་བགྲོད་ནུས་ཆེ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱ་ཆེར་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།