གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་བསྟན་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་ཡང་དག་བྱེད་དགོས། དེའི་ནང“གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང”གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་ནི་བརྟག་ཐབས་སྨྲ་བའི་སྣེ་ཁྲིད་ཅིག་ཡིན་ལ་ལག་ལེན་གྱི་བླང་བྱ་ཡང་ཡིན། བོད་དུ་འབྲེལ་བ་དེ་ཐག་གཅོད་འོས་འཚམ་བྱས་ཡོད་མེད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐྲུན་པ་དང་འབྲེལ་བ་ཡོད་པ་དང་། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་འབྲེལ་བ་ཡོད་ལ། སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་རེད།
བོད་དུ་གཙོ་གནད་འགག་སྒྲོལ་ནི་སྐྱེ་ཁམས་བཅོས་སྐྱོང་གི་དཀའ་གནད་སེལ་བའི་ལས་དོན་དང་པོ་ཡིན་ལ། མཐུན་སྦྱོར་བཅོས་སྐྱོང་ནི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་མཉམ་ལས་ཡིན་པས། དེ་གཉིས་ཕན་ཚུན་རམ་འདེགས་དང་གཅིག་ཀྱང་མེད་དུ་མི་རུང་བ་ཞིག་རེད། གཙོ་གནད་ཐོག“སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བའི”མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་འགག་སྒྲོལ་བྱས་ཏེ། ཐོན་ཁུངས་གཅིག་སྡུད་དང་གནད་སྨིན་ཤུགས་འདོན་བརྒྱུད་དཀའ་གནད་ལ་གཞོལ་ནས་ཉེན་ཁ་སེལ་གྱི་ཡོད། མཐུན་སྦྱོར་བཅོས་སྐྱོང་ཐད་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་ནན་བཤད་བྱས་ཏེ། ཁོངས་ཁུལ་ལོགས་དབྱེ་དང་ས་ཁོངས་ཀྱི་བཀག་རྒྱ་གཏོར་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་བཅོས་སྐྱོང་མཉམ་ཤུགས་ཆགས་པར་བྱེད་དགོས། དཔེར་ན། བོད་ཀྱི་གཞི་ཁྱོན་ཅན་གྱི་རི་ལྡེབས་ནགས་བཟོའི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་དང་པོ་སྟེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས། གཙོ་གནད་ཐོག་ཤིང་འཛུགས་ནགས་བཟོ་བྱེད་པ་དང་ཆབས་ཅིག དམིགས་ཚད་མཐུན་སྦྱོར་དང་། སྦགས་བཙོག་དངོས་པོ་ཚོད་འཛིན་མཐུན་སྦྱོར། སྡེ་ཚན་མཐུན་སྦྱོར། ཁུལ་ཁོངས་མཐུན་སྦྱོར། སྲིད་ཇུས་མཐུན་སྦྱོར་བཅས་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཕྱོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ལྷ་སའི་རི་བོ་དེ་བས་སྔོ་བ་དང་གནམ་གཤིས་སྔར་བས་ཡག་ཏུ་ཕྱིན་ཏེ་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་བ་དང་། དུས་ཡུན་རིང་པོར་ས་མཐོའི་རི་རྒོད་དུ་ཤིང་སྡོང་གཞི་ཁྱོན་ཆེན་པོ་འཛུགས་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་པའི་ཁར། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་དུ་གྱུར་ཡོད། ལག་ལེན་ནས་ར་སྤྲོད་བྱས་པ་ལྟར་ན། གཙོ་གནད་ཚད་བརྒལ་ལ་དམ་འཛིན་དང་བརྒྱུད་རིམ་ལྡན་པའི་མཐུན་སྦྱོར་ལའང་མཐོང་ཆེན་བྱས་ན། གཞི་ནས་བཅོས་སྐྱོང་དེ“གནས་ཀྱི་ཕན་འབྲས་ཐོན་པ”ནས“ངོས་ཀྱི་སྤུས་ཚད་མཐོར་གཏོང”ཕྱོགས་སུ་མཆོང་སྐྱོད་བྱེད་ཐུབ།
བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཅིག་ཡིན་པས། དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་དང་རིན་ཐང་ལྡན་ཞིང་། རང་རྒྱལ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཁྲོད་ནུས་པ་ཧ་ཅང་གལ་ཆེན་འདོན་བཞིན་ཡོད། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ན་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་བཀའ་དྲིན་ཕྱོགས་བཞིར་ཁྱབ་ངེས་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྒྱལ་སྤྱིའི་འགན་འཁྲི་དེ་བས་ཀྱང་རེད། འགོ་ཚུགས་ས་གསར་པར། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩིས་ཏེ། ལྗོངས་ཏང་ཨུད་ཀྱིས་བཏོན་པའི“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་དེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་བརྩོན་བྱེད་དགོས”ཞེས་པའི་དམིགས་ཚད་དང་ལས་འགན་ལྟར། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་འགག་རྩའི་ཁྱབ་ཁོངས་ཀྱི་གཅིག་སྡུད་ཚད་བརྒལ་ལ་དམ་འཛིན་ཡང་དག་བྱས་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ན། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་སྐྱེ་ཁམས་ཀྱི་གཞི་རྩ་བརྟན་པོ་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ལ་ཀྲུང་གོའི་སྐྱེ་ཁམས་བཅོས་སྐྱོང་གི་བློ་གྲོས་དང་འགན་འཁྲི་ཡང་མངོན་ཐུབ་ཅིང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་ཆེད“བོད་ཀྱི་ཇུས་གཞི”ལེགས་སྐྱེས་སུ་ཕུལ་ནས་ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོང་གི་ལག་ལེན་གྲུབ་འབྲས་ཀྱིས་འཛམ་གླིང་ལ་ཕན་ཐོགས་ངེས་རེད།
འབྲེལ་ཡོད་གསར་འགྱུར།