“མང་ཚོགས་ཀྱི་དུས་ཚོད”ལ་གཞིགས་ནས“ཞབས་ཞུའི་དུས་ཁྱད”བསལ་བ།
—— ལྷ་ས་གྲོང་ཁྱེར་གླིང་ཆུང་སྡེ་ཁུལ་གྱི་ལས་དོན་པ་དགོང་མོར་གྲོང་མིའི་ཁྱིམ་དུ་བསྐྱོད་པའི་སྐོར་བཀོད་པ།
“ཁམས་བཟང་། ང་ཚོ་ནི་སྡེ་ཁུལ་གྱི་དྲ་མིག་པ་ཡིན། ཁྱེད་རང་གི་སར་ཆ་འཕྲིན་ཏག་ཏག་བསྡད་མིན་ལྟ་བར་ཡོང་ཞོར་དུ་དྲ་མིག་གི་མིང་བྱང་ཁྱེད་རང་ལ་སྐྱེལ་བར་ཡོང་བ་ཡིན” ཟླ་10ཚེས་14ཉིན་གྱི་ས་སྲོད་ཙམ་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་ཅ་ཧོ་འབྱུར་འགྱུར་གྲོང་གི་ཁང་པའི་བར་ཁྱམས་ནས་སྒོ་རྡུང་བའི་སྒྲ་ཞིག་གྲགས། ཆུ་ཚོད་བདུན་པ་ཡོལ་ཙམ་ཞིག་ལ་ཁན་སྦྱར་དམར་པོ་གྱོན་པའི་སྡེ་ཁུལ་གྱི་ལས་དོན་པས་ཐོ་འགོད་རེའུ་མིག་དང་དྲ་མིག་གི་མིང་བྱང་འཁྱེར་ནས་ཁུལ་ཆུང་ཁག་གི་ཐོག་ཁང་དབར་འགྲོ་བསྐྱོད་བྱས་ཏེ“མང་ཚོགས་ཀྱི་དུས་ཚོད”ལ་གཞིགས་ནས“ཞབས་ཞུའི་དུས་ཁྱད”སེལ་བའི་དགོང་མོར་གྲོང་མིའི་ཁྱིམ་དུ་སྐྱོད་བྱེད་པའི་ལས་དོན་དངོས་སུ་སྒྲུབ་འགོ་བཙུགས།
“ཉིན་མོ་སྡེ་ཁུལ་གྱི་ལས་དོན་པ་དང་ང་ཚོ་ཚང་མ་ལས་ཀར་འགྲོ་དགོས་སྟབས། གནད་དོན་སྙན་སེང་ཞུ་དགོས་བསམ་ཡང་དུས་ཚོད་ཏག་ཏག་སྡོད་ཀྱི་མི་འདུག”ཅེས་གྲོང་མི་ཕུར་བུ་དགྲ་འདུལ་གྱིས་སྡེ་ཁུལ་གྱི་དྲ་མིག་པ་ཡིན་པ་མཐོང་ནས་ལམ་སེང་ཁོང་ཚོ་ནང་དུ་གདན་དྲངས། ཚོམས་ཆེན་དུ་དྲ་མིག་པ་ཚེ་དཔག་སྒྲོལ་མས་རེའུ་མིག་ལ་བལྟས་ནས་ནང་མི་ག་ཚོད་ཡོད་མེད་དང་འབྲེལ་གཏུག་ཁ་པར་སོགས་ཀྱི་ཆ་འཕྲིན་ཏག་ཏག་བསྡད་ཡོད་མེད་ལྟ་ཞོར་དུ་མིང་དང་། ཁ་པར་ཨང་གྲངས། སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཅས་བཀོད་པའི་དྲ་མིག་གི་མིང་བྱང་ཁོང་ལ་སྤྲད་དེ“ཁྱེད་རང་གིས་བྱང་བུ་འདི་ཡག་པོ་ཉར་ནས་གནད་དོན་གང་ཡོད་རུང་ཁ་པར་རྒྱག་པའམ་ཡང་ན་སྐད་འཕྲིན་ནང་ལབ་ཤོག ང་ཚོས་ལམ་སེང་ཐག་གཅོད་བྱེད་ཀྱི་རེད”ཅེས་བཤད། འགྲམ་དུ་ཡོད་པའི་དྲ་མིག་པ་བསྟན་འཛིན་ནོར་བུས་ཕུར་བུ་དགྲ་འདུལ་གྱིས་བཏོན་པའི་རེ་ཞུ་ནན་ཏན་ངང་ཐོ་རྒྱག་བཞིན་ཡོད།
དགོང་མོ་གྲོང་མིའི་ཁྱིམ་དུ་སྐྱོད་པའི་བྱ་སྤྱོད་ནི་གླིང་ཆུང་སྡེ་ཁུལ་གྱིས་གཞི་རིམ་གྱི་ཞབས་ཞུའི་དུས་ཚོད་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ལག་ལེན་གྱི་གྲས་ཤིག་རེད། སྡེ་ཁུལ་གྱི་ལས་དོན་པ་ཕུར་སྒྲོན་གྱིས“ཁོངས་གཏོགས་ཁུལ་གྱི་གྲོང་མི་70%ཡན་ཚང་མ་ཉིན་མོ་ལས་ཀར་འགྲོ་ཡི་ཡོད་པས་ང་ཚོས་ཞབས་ཞུའི་དུས་ཚོད་ཆུ་ཚོད་19:00ནས་21:00བར་བཟོས་པ་ཡིན། དུས་ཚོད་དེར་མང་ཆེ་བ་ཁྱིམ་དུ་བསྡད་ཡོད་པས་དྲ་མིག་7གྱི་ཆ་འཕྲིན་གསར་བརྗེས་ལས་དོན་ལས་ཕྱོད་ཆེན་པོས་ལེགས་སྒྲུབ་ཐུབ་པ་མ་ཟད། ད་དུང་ཁོང་ཚོའི་སྙིང་གཏམ་ཡང་ཉན་ཐུབ་ཀྱི་འདུག” མིག་སྔའི་བར། བྱ་སྤྱོད་འདི་སྤེལ་བ་ལས་དྲ་མིག་གི་མིང་བྱང་ཁྱོན་ཡོངས་ལ་ཁྱབ་པ་དང་། དམངས་འཚོའི་རེ་ཞུ་ཁག་14དང་སྲིད་ཇུས་བློ་འདྲི་ཁག་20བསྡུ་རུབ་བྱས་པ་མ་ཟད། གནད་དོན་ཁག་18ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས།
གླིང་ཆུང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དོན་གྲུབ་ཀྱིས། “གྲོང་མིས་ཞབས་ཞུ་སྒྲུབ་མཁན་འཚོལ་བ”ནས“ཞབས་ཞུ་སྒྲུབ་མཁན་གྱིས་གྲོང་མི་སར་བསྐྱོད་པའི”བར་དགོང་མོར་གྲོང་མིའི་ཁྱིམ་དུ་སྐྱོད་པའི་བྱ་སྤྱོད་ཀྱིས་དྲ་མིག་ཅན་གྱི་ཞབས་ཞུའི“དུས་ཚོད་ཀྱི་ཞན་ཆ”བསལ་བ་མ་ཟད། ལས་བྱེད་པ་དང་མང་ཚོགས་དབར“སེམས་འབྲེལ་ཟམ་པ”ཞིག་ཀྱང་བསྐྲུན་ཡོད། གོམ་སྟབས་རྗེས་མར་སྡེ་ཁུལ་གྱིས“འཚང་གཡོལ་ཞབས་ཞུའི”ལམ་སྲོལ་མུ་མཐུད་ལེགས་སུ་གཏོང་བ་དང་། གྲོང་མིའི་ངལ་གསོའི་དུས་ཚོད་དང་ཟུང་འབྲེལ་བྱས་ནས་འཚམས་འདྲིའི་དུས་ཚོད་ལེགས་སྒྲིག་བྱས་ཏེ། དྲ་མིག་ཅན་གྱི་ཞབས་ཞུ་དེ“ཁྱོན་ཡོངས་ལ་ཁྱབ་པ”ནས“གནད་སྨིན་ཅན”དུ་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་དམིགས་ཡུལ་དེ་གྲོང་མི་ཚང་མས་ཤེས་པར་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།