གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད།
རི་བོ་འགྱིང་ངེར་གནས་ཤིང་། གཙང་པོ་ལང་ལོང་དུ་རྒྱུག་ལ། ཉི་མའི་འོད་ཟེར་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་འཕྲོས། འདི་ག་ནི་རང་བྱུང་མཛེས་ལྗོངས་ཀྱིས་རབ་ཏུ་བརྒྱན་པའི་བོད་ལྗོངས་རེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངར་ཤུགས་དགུང་དུ་འཕྱུར་བའི་ཞིང་ས་གཤིན་པོ་ཞིག་ཀྱང་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་དགོས་ལ། དོན་དངོས་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཏེ་ཁྱད་ལྡན་ཐོན་ལས་ནས་སྐྱེ་ཁམས་ཤེས་དཔལ་བར་དང་། རྣམ་གྲངས་འཛུགས་སྐྲུན་ནས་དམངས་འཚོ་ལེགས་གཏོང་བར་གྱི་ས་མཐོའི་ཐོན་ཁུངས་ལ་གཞིགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད།
ཁྱད་ལྡན་ཐོན་ལས་ཀྱིས་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་བཏང་བ།
སྟོན་དུས་ཀྱི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་དུ་ལོ་ལེགས་སྙེ་མའི་རྦ་རླབས་ལང་ལོང་འཕྱུར་ཞིང་། ས་གནས་དེ་གའི་ཞིང་པ་བཀྲ་ཤིས་ཀྱིས་གཟབ་ནན་ངང་རླངས་འཁོར་རུ་ཁག་ལ་བཀོད་འདོམས་བྱས་ཏེ་བརྔས་ཚར་བའི་ཚར་མ་བཟོ་གྲྭར་ལས་སྣོན་ཞིབ་ཚགས་བྱེད་པར་སྐྱེལ་བཞིན་འདུག ལས་སྣོན་བྱས་པའི་ནས་ཐུག་སོགས་ཀྱི་ཚོང་ཟོག་དྲ་ཐོག་དང་དྲ་ཕྱི་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད།
ད་ཆ། ནས་ནི་ཟ་འབྲུ་ཙམ་མིན་པར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་ཐོན་ཁུངས་སུ་གྱུར་ཡོད། མིག་སྔར། བོད་ཀྱིས་བོད་ནས་དང་ཧི་མ་ལ་ཡའི་སྣ་ཁ་སོགས་སྤུས་ལེགས་ནས་ཀྱི་སྣ་ཁ་78སྐྱེད་སྲིང་བྱས་ཡོད་ལ། ནས་ཀྱི་ཐོན་རྫས་རིགས་ཆེ་གྲས་བཞི་ཡི་སྣ་ཁ་80ལྷག་ཙམ་གསར་སྤེལ་བྱས་པ་དང་། 2024ལོར་ལོ་རེའི་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ཟིན་ཡོད།
བོད་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་ཐོན་ཁུངས་བཅས་ཀྱི་ཐུན་མིན་ལེགས་ཆར་གཞི་ཚུགས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་ཡོད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྟ་སྒ་ཕུ་གྲོང་ཚོར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་དུ་གཤོང་ཚད་ཆེ་ཤོས་ཀྱི་རང་ཚུགས་དྲ་གྲུབ་ཅན་གྱི་ནུས་གསོག་རྣམ་གྲངས་ཏེ། གསེར་རྙེད་ཆུས་སྟ་སྒ་ཕུ་གྲོང་ཚོའི་རང་ཚུགས་དྲ་གྲུབ་ཅན་གྱི་ནུས་གསོག་གློག་ཁང་སྤྱོད་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་མཚོ་བོད་ཐད་རྒྱུག་དུས་མཚམས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ཉེ་ཆར་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། དུས་ཡུན་ཉིན་ལྔའི་རིང་ལ་གློག་ཆུ་ཚོད་ཆན་ཝ་ཁྲི་120ཕྱིར་གཏོང་བྱེད་པའི་ལས་འགན་བསྒྲུབས་ནས“ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ”གཉིས་བཏོད་དེ་ནུས་རྒྱུ་གཙང་མ་ཕྱིར་གཏོང་ལ་འགན་ལེན་བརྟན་པོ་བྱས་ཡོད།
ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་པ།
ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་རང་འགུལ་ངང་རྒྱལ་ཁབ་སྒོ་འབྱེད་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་ཡོད།
མིག་སྔར། རང་ལྗོངས་སུ་དངོས་སུ་སྒོ་ཕྱེ་བའི་རྒྱལ་ཁབ་རིམ་པའི་འགག་སྒོ་5དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སོགས་སྒོ་དབྱེའི་བཀོད་པ་གྲུབ་སྟེ། རང་རྒྱལ་གྱི་ཐོན་རྫས་ཨེ་ཤེ་ཡ་ལྷོ་མར་ཕྱིར་གཏོང་བྱེད་པའི་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད།
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་རྒྱལ་སྤྱིའི་ཟོག་འདྲེན་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ནས་བོད་དུ“མཁའ་ལམ་དང་སྐམ་སའི་བགྲོད་ལམ་ལྟེ་གནས་གཉིས”ཀྱི་དེང་རབས་ཟོག་འགྲེམས་མ་ལག་གྲུབ་ཅིང་། ཟླ་བཞི་པར་རྒྱལ་སྒྲོལ་དྲ་ཚོང་གི་དངོས་ཟོག་74བླུགས་པའི་དུས་གཏན་གནམ་གྲུ་ཁག་དང་པོ་རྒྱལ་སྤྱིའི་དངོས་ཟོག་ཞིབ་བཤེར་ཐུབ་ནས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བདེ་བླག་ངང་འབྱོར་ཡོད།
གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་བོད་ཀྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་43.4ཟིན་ནས་དུས་མཚུངས་ལས་14.1%འཕར་ཏེ་དུས་རབས་གསར་པར་བོད་ཀྱིས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད།
སྤྱི་འདོམས་མཐུན་སྦྱོར་གྱིས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་པ།
སྐྱེ་ཁམས་ནི་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིན་ཐང་ཆེ་ཤོས་དང་། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས། ལེགས་ཆ་ཆེ་ཤོས། འགན་འཁྲི་ཆེ་ཤོས་བཅས་ཀྱང་ཡིན།
ཧྭ་གློག་བོད་ལྗོངས་DGཆུ་ཤུགས་གློག་ཁང་ཚང་ཚིང་ནགས་ཚལ་ཁྲོད་གནས་ཤིང་། སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པ་བྱ་ཆེད། ཧྭ་གློག་འཛུགས་སྐྲུན་པས་ལྟེ་བའི་བཀོད་སྒྲིག་ལེགས་སུ་བཏང་ནས་གཟར་ངོས་འདྲུ་བའི་མཐོ་ཚད་དམའ་རུ་བཏང་བ་དང་། ལྟེབ་སྒྲིལ་རྣམ་པའི་ཉ་འགྲོ་ལམ་གསར་གཏོད་དང་ཇུས་འགོད་བྱས་ཁར། དུང་འཁྱིལ་རྣམ་པའི་ས་འོག་འགྲིམ་འགྲུལ་བགྲོད་ལམ་ཇུས་འགོད་བྱས་ཏེ་ལས་གྲྭའི་སྐྲུན་ཡུན་ཐུང་དུ་བཏང་ཡོད།
སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱ་ཆེད། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་རབ་དང་རིམ་པ་བཟོས་ནས་ལག་བསྟར་བྱས་ཏེ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གཉིས་ཆ་གཅིག་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ཁྱབ་ཁོངས་སུ་བཅུག་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ལ་དམིགས་ནས་ཁྲིམས་འཛུགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་པ་དང་། ལོ་10ཡི་ནང་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་བཀོད་དེ“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུ་ཡི་ནང་ལྷ་ས་སྔོ་ལྗང་གིས་བརྒྱན་པའི”མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།