དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས“ལོ་བརྒྱ་ཡི་བརྟན་སྲུང—ཙི་ཅིན་ཕོ་བྲང་ནས་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་བར”གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

    ཚའེ་ཆི་ཡིས་འགྲེམས་སྟོན་ལ་གཟིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་བསྐྲུན་ནས་ལོ་ངོ་100འཁོར་བའི་སྐབས་སུ། ཚེས་27ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་དུ་ཕེབས་ནས“ལོ་བརྒྱ་ཡི་བརྟན་སྲུང—ཙི་ཅིན་ཕོ་བྲང་ནས་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་བར”གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཡིས་འགྲེམས་སྟོན་ལ་གཟིགས་པ་རེད།

    ཆུ་ཚོད་10པ་ཙམ་ལ། ཞི་ཅིན་ཕིང་སོགས་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་དུ་ཕེབས་ནས་སྔ་རྗེས་སུ་ཝུའུ་མོན་སྒོ་མོའི་ཡན་ཁྲེ་ཐོག་ཁང་ནུབ་མའི་འགྲེམས་ཁང་དང་། ཐོག་ཁང་ཨ་མའི་འགྲེམས་ཁང་། ཡན་ཁྲེ་ཐོག་ཁང་ཤར་མའི་འགྲེམས་ཁང་བཅས་ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེ་ཉིད“རིག་གནས་ཀྱི་རྩ་བ་གཅིག་རྒྱུན” དང་། “ལོ་བརྒྱའི་རྒྱུན་འཛིན” “འཕེལ་རྒྱས་སྣ་ཚོགས་པ”བཅས་ས་བཅད་གསུམ་དུ་དབྱེ་ཡོད་པ་དང་། རྩ་ཆེའི་རིག་དངོས་དང་ཚད་ལྡན་ཡིག་ཆ་200(ཆ་ཚང)ལས་ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་གི་ལོ་བརྒྱའི་འཕེལ་རིམ་དང་འཛུགས་སྐྲུན་གྲུབ་འབྲས་མངོན་པར་བྱས་ཡོད།

    ཡིག་གཟུགས་དང་རི་མོའི་བརྩམས་ཆོས་གྲགས་ཅན་རེ་རེ་དང་། ཟངས་ཆས་དང་། གཡང་ཊིའི་ཡོ་ཆས། དཀར་ཡོལ་སོགས་རེ་རེ་ལས་ཀྲུང་ཧྭ་མི་རིགས་ཀྱི་འོད་ཟེར་སྟོང་ལྡན་གྱི་ལོ་རྒྱུས་དང་གཅིག་རྒྱུན་གཅིག་འཛིན་གྱི་ཤེས་རིག་འཕེལ་རྒྱུན་ལ་བདེན་དཔང་བྱས་ཡོད། ཞི་ཅིན་ཕིང་གིས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་། སྐབས་སྐབས་སུ་ཕེབས་མཚམས་བཞག་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་ལ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཞི་རྒྱུ་ཟབ་མོ་འདུས་ཡོད། དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཕོ་བྲང་རྙིང་པར་སྲུང་སྐྱོང་ཡག་པོ་དང་ཕོ་བྲང་རྙིང་པའི་ནུས་པ་ཡག་པོ་འདོན་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་ཕོ་བྲང་རྙིང་པའི་ལས་དོན་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། འགོ་འཛུགས་ས་གསར་པར་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་རིག་དངོས་མི་དམངས་ལ་དབང་བ་དང་དེས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། རིག་དངོས་གསོན་ཉམས་དོད་པོས་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕོ་བྲང་རྙིང་པ་འདི་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བ་དང་། འཛམ་གླིང་གིས་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་ཧྭ་མི་རིགས་ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    ལི་ཧྲུའུ་ལེ་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཀྱིས་འགྲེམས་སྟོན་ལ་གཟིགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།