མཚོ་སྔོན་མཚོ་ཤར་དུ་སྟོན་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་སྡེ་ཚན་ཁག་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག མི་དམངས་ཚོགས་པ་ཁག གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས། གྲོང་ཁྱེར་དུ་བཅའ་སྡོད་ཞིང་ཆེན་ཚན་པ་ཁག་གི་ལས་བྱེད་པ་དང་ལས་བཟོ་བཅས་སྒྲིག་འཛུགས་བྱས་ཏེ། གྲོ་ཚང་ཆུས་ལུས་གསོ་རྟེན་གཞི་དང་མཚོ་ཤར་དང་རྨ་ལྷོའི་བར་གྱི་ཟམ་པ་ཨང་དང་པོའི་ངོགས་གཉིས་ཀྱི་ཡུག་ཁུལ་དུ་སྟོན་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ཟླ་10ཚེས་31ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་གསོམ་ཤིང་དང་ལི་ཤི་སོགས་རིགས་ཁག་གི་སྡོང་ཕྲུག་རྐང་9000ལྷག་ཙམ་གསར་དུ་འཛུགས་རྩིས་ཡོད་པ་དང་། ལྗང་མདོག་རྒྱ་ཁྱོན་སྤྱི་ཆིང་5.67ཟིན་པ་དང་གཡོག་བྱེད་རྒྱ་ཁྱོན་སྤྱི་ཆིང་7.67ཟིན་པ་དེ་དག་སྡོང་རྐང་ལ་ཕབ་ན་ཁྲི་1.2ལྷག་ཙམ་ཟིན་པས། “བྱང་གསུམ”གྱི་དུས་ཐེངས་དྲུག་པའི་ལས་གྲྭའི་མཚོ་ཤར་དུམ་བུར་སླར་ཡང་ལྗང་མདོག་གསར་པ་སྣོན་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོའི་ནང་ལོ་མ་ཆེ་བའི་ཤིང་རིགས་བདམས་ནས་གྲོང་ཁུལ་སྔོ་འགྱུར་དང་སྐྱེ་ཁམས་ནགས་བཟོ་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ལྗང་མདོག་སྲུང་བཅད་དང་། ལྗང་མདོག་རོང་ཁུལ། ལྗང་མདོག་གྲོང་ཁུལ”བཅས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། བྱེད་སྒོའི་ནང་ཞུགས་མཁན་རིམ་རྩིས་བརྒྱབ་ན་མི་ཐེངས་5000ཟིན་རྒྱུ་རེད། 2017ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་གྱིས་ལོ་ལྟར་འཆར་ཅན་གྱི་སྒོ་ནས་སྟོན་དཔྱིད་དུས་ཚིགས་གཉིས་སུ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་དང་འབྲེལ། 2020ལོར《མཚོ་ཤར་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་ཤར་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི་17.61ལག་བསྟར་བྱས་ཡོད་པ་རེད།
མཚོ་ཤར་གྲོང་ཁྱེར་གྱིས་འོས་འགན་ཤིང་འཛུགས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་དང་རྩྭ་སྔོ་ཁེབས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང“བྱང་གསུམ”གྱི་ལས་གྲྭའི་རྣམ་གྲངས་སྤྱི་ཆིང་ཁྲི་6.69ལེགས་གྲུབ་བྱས་ནས་སྐྱེ་ཁམས་ཀྱི་ཁེ་སྤོགས་མུ་མཐུད་ཁྱབ་པར་བྱས་ཏེ་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་སྔར་བས་བརྟན་པོ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།