ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས།
ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པའི་སྣེ་ལེན་ཚོགས་འདུ་འཚོགས་པ།
ཚེས་25ཉིན་གྱི་ཉིན་དགུང་། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པའི་སྣེ་ལེན་ཚོགས་འདུ་འཚོགས་པ་དང་། ཚེས་25ཉིན་གྱི་སྔ་དྲོར་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་མཁན་ཐའེ་དབན་ལས་རིགས་ཁག་གི་སྐུ་མགྲོན་དང་སྐམ་ས་ཆེན་པོའི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།
ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བ་ནི་ཀྲུང་གོ་སྲིད་གཞུང་གིས་ཐའེ་དབན་ལ་བདག་དབང་སྤྱོད་རྒྱུ་སླར་གསོ་བྱས་པའི་བདེན་དཔང་ཁུངས་བཙན་ཞིག་དང་། ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ཐའེ་དབན་གྱི་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་གཞིའི་འབྲེལ་ཐག་གི་ལྷུ་ཚིགས་གལ་ཆེན་ཞིག ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་གཟི་བརྗིད་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་དྲན་ཤེས་ཤིག་བཅས་རེད། ཟླ་10ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཟླ་10ཚེས་25ཉིན་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དང་སྦྲགས། རྒྱལ་ཁབ་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་ཐག་བཅད་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་གཏན་འཁེལ་བའི་གོ་རིམ་ལག་ལེན་ནན་པོ་བསྟར་ནས་འབྲེལ་ཡོད་གཏན་འབེབས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་བརྒྱུད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་མཚམས་སུ། རྒྱལ་ཁབ་ཀྱི་མིང་ཐོག་ནས་ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་ལས་མི་དམངས་ཀྱི་རེ་འདོད་དང་རྒྱལ་ཁབ་ཀྱི་འདུན་པ་གང་ལེགས་མཚོན་ཡོད། ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་ནི་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དཔའ་བོར་དྲན་གསོ་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ལ་སྲུང་སྐྱོང་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ནུས་ལྡན་ཞིག ང་ཚོས་རྒྱལ་གཅེས་གཅིག་གྱུར་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་བཅས་རེད། ང་ཚོར“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་པ་ཕམ་ཉེས་སུ་བཏང་སྟེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པ་དང་། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་པའི་བློ་སྟོབས་བརྟན་པོ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་བཏང་ནས་སྤུན་ཟླ་ཐའེ་དབན་བའི་ཁེ་ཕན་དང་བདེ་རྩ་ཆེ་རུ་གཏོང་བའི་གདེང་ཚོད། འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གདེང་སྤོབས་བཅས་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།