རྣམ་ཀུན་གློག་མ་འཁྱུད་པར་བྱེད་པའི་རྒྱུན་ཤེས།
རྒྱུན་ལྡན་གྱི་འཚོ་བའི་ཁྲོད། གློག་ཤུགས་མ་ལག་ནི“ལྐོག་ཏུ་གནས་པའི་ལས་རོགས”ཞིག་དང་འདྲ་བར་ང་ཚོའི་ལས་དོན་ཁག་ཡག་པོ་སྤེལ་བར་རམ་འདེགས་བྱེད་བཞིན་ཡོད་མོད། འོན་ཀྱང་ང་ཚོས་དེར་སྣང་ཆུང་བྱས་ན་སྐད་ཅིག་མར་ཉེན་ཁ་ཆེ་རུ་སོང་ནས་དཔག་དཀའ་བའི་གནོད་འཚེ་བཟོ་སྲིད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཚང་མས་ངེས་པར་དུ་འགོག་ཟོན་བྱས་ཏེ་གློག་སྐུད་ལ་རྣམ་ཀུན་ནས་བདག་སྐྱོང་ཡག་པོ་བྱེད་པ་དང་གློག་སྤྱོད་བདེ་འཇགས་ཤེས་བྱ་སློབ་སྦྱོང་བྱས་ནས་བདེ་འཇགས་ཡོང་བར་བྱེད་དགོས།
གཅིག རང་ཉིད་ལ་གློག་འཁྱུད་ན་གང་འདྲ་བྱེད་དགོས་སམ།
རྩ་དོན་ཅིག་བློ་ལ་ངེས་དགོས་པ་སྟེ། གློག་ཁུངས་དང་རྒྱང་དུ་གྱེས་དགོས།
1.གློག་སྤྱོད་སྐབས་གློག་འཁྱུད་པའི་ཚོར་བ་སྦིར་སྦིར་བྱས་ན། འཕྲལ་མར་ལག་པ་འགུལ་མཚམས་འཇོག་དགོས།
2.ལམ་སེང་སྐད་ཆེན་པོས་རོགས་སྐྱོབ་ཞུ་བ་དང་མི་གཞན་ལ་གློག་ཁུངས་ཀྱི་བསད་སྤར་བཀག་ཏུ་འཇུག་དགོས།
3.གལ་ཏེ་མཐའ་འཁོར་དུ་མི་མེད་ན། དངངས་འཚབ་བྱས་ནས་གང་སར་འགྲོ་མི་ཉན་པར། སེམས་པ་ལྷོད་ལ་བཞག་སྟེ་རྐང་པ་གཉིས་མཉམ་གཤིབ་ཀྱིས་ཉེན་ཡོད་ཁུལ་ནས་གཡོལ་ཐབས་བྱེད་དགོས།
4.གལ་ཏེ་གློག་ཆས་གྱང་སྟེང་དུ་བསྒར་ཡོད་ན། ཤུགས་གང་ཡོད་ཀྱིས་གྱང་ལས་ཁ་བྲལ་ཐབས་བྱེད་དགོས་པ་དང་དུས་མཚུངས་ལུས་པོ་ལྟག་འགྱེལ་གྱིས་ལུས་པོའི་ལྗིད་ཚད་དང་ཕྱི་ཤུགས་ལ་བརྟེན་ནས་གློག་ཁུངས་ལས་བྲལ་དགོས།
གཉིས། མི་གཞན་ལ་གློག་འཁྱུད་ན་སྐྱོབ་ཐབས་ཇི་ལྟར་བྱེད་དགོས་སམ།
མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་རང་སོ་སོའི་བདེ་འཇགས་སྲུང་དགོས་པ་དང་། གློག་འཁྱུད་པའི་མིར་ལག་པས་ཐུག་མི་ཉན། གློག་འཁྱུད་པའི་མི་སྐྱོབ་སྐབས་གཅོད་འཐེན་དབྱུཌ་འདྲུད་འདིང་གི་ཡིག་འབྲུ་ལྔའི་མན་ངག་བློ་ལ་བརྟན་པོར་ངེས་དགོས།
གཅོད་པ་ནི། འཕྲལ་དུ་གློག་ཁུངས་གཅོད་དགོས།
འཐེན་པ་ནི། གློག་སྒོ་འཐེན་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་གློག་སྡེབ་སྒམ་གྱི་ཁ་ཕྱེ་ནས་ཁང་པ་ཡོངས་ཀྱི་གློག་སྒོ་གཅོད་དགོས།
དབྱུགས་པ་ནི། རྒྱུག་པ་སྐམ་པོ་དང་སྨྱུག་མ་སོགས་གློག་མི་ལེན་པའི་དངོས་པོས་གློག་སྐུད་ཕར་དབྱུགས་དགོས།
འདྲུད་པ་ནི། གྱོན་ཆས་སྐམ་པོ་དང་གློག་མི་ལེན་པའི་ལག་ཤུབས་སོགས་ཀྱིས་ལག་པ་བཏུམས་ནས་གློག་འཁྱུད་པའི་མི་གློག་ལྡན་དངོས་པོ་ཡོད་ས་ནས་འདྲུད་དགོས།
འདིང་བ་ནི། པང་ལེབ་སྐམ་པོ་སོགས་གློག་མི་ལེན་པའི་དངོས་པོ་གློག་འཁྱུད་པའི་མིའི་ལུས་འོག་ཏུ་འདིང་བ་དང་། དེ་རྗེས་གྱོན་ཆས་སྐམ་པོའི་ཟུར་ནས་འཐེན་ཏེ་གློག་ལྡན་དངོས་པོ་ཡོད་ས་ནས་འདྲུད་དགོས། གལ་ཏེ་གློག་འཁྱུད་པའི་མིས་གློག་ལྡན་དངོས་པོ་དམ་པོར་བཟུང་ཡོད་ན། གློག་མི་ལེན་པའི་པང་ལེབ་དེ་གློག་འཁྱུད་པའི་མིའི་ལུས་འོག་ཏུ་བཏིང་ནས་ས་ངོས་དང་བར་ཐག་གཅོད་དགོས།
རྨས་མ་གློག་ཁུངས་དང་ཁ་བྲལ་རྗེས། འཕྲལ་དུ་མྱུར་སྐྱོབ་ཁ་པར་120རྒྱག་དགོས་པ་དང་འབྲེལ་རྨས་མའི་ཤེས་ཚོར་དང་དབུགས་འབྱིན་རྔུབ་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་མ་ཟད། ད་དུང་དགོས་ངེས་སྐབས་སུ་རྨས་མ་དྲན་པ་གསོ་ཐབས་བྱེད་དགོས།
གསུམ། གློག་མི་འཁྱུད་པ་བྱེད་ཐབས།
1.གློག་སྐུད་འབྲེལ་མཐུད་ནུས་ལྡན་བྱེད་དགོས་ལ་པགས་པ་བུད་པའི་གློག་སྐུད་ངེས་པར་དུ་ལམ་སེང་བརྗེ་པོ་རྒྱག་དགོས།
2.གློག་ཆས་བེད་སྤྱོད་སྐབས་ལག་པ་རློན་པས་རེག་པའམ་ཡང་ན་ཨ་ཅོར་རློན་པས་ཕྱི་བདར་རྒྱག་མི་རུང་།
3.གློག་ཁུངས་ཀྱི་བསྒར་སྣེ་བསྒར་བ་དང་འཐེན་སྐབས་ཤུགས་ཆེན་པོས་གློག་སྐུད་འཐེན་མི་རུང་།
4.ཤེལ་ཏོག་བརྗེ་པོ་རྒྱག་སྐབས་ངེས་པར་དུ་གློག་ཁུངས་སྔོན་ལ་བཀག་དགོས།
5.གློག་ཤོར་སྲུང་སྐྱོབ་གཅུས་ཕུར་བསྒར་དགོས་པ་དང་འབྲེལ་ཟླ་རེར་ཚོད་ལྟ་ཐེངས་གཅིག་བྱས་ནས་དེ་རྒྱུན་གཏན་ལྟར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
6.ཁྱིམ་སྤྱོད་གློག་ཆས་སྐྱོན་ཤོར་ཚེ་ཆེད་ལས་གློག་ལས་པའམ་ཡང་ན་ཉམས་བཟོ་ཁང་དུ་བསྐྱལ་ནས་བཟོ་དགོས་པ་ལས། རང་དགར་དུ་གཏོར་མི་རུང་།
7.ཁྱིམ་སྤྱོད་གློག་ཆས་གཏན་འབེབས་དུས་ཚོད་ལས་ཡོལ་ཚེ། གང་མགྱོཌ་བརྗེ་པོ་རྒྱག་དགོས་ཤིང་། དུས་ཚོད་བརྒལ་ནས་སྤྱད་པའི་དབང་གིས་མེ་སྐྱོན་སོགས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་མི་ཐོན་པར་བྱེད་དགོས།
བཞི། གློག་འཁྱུད་ནས་རྨ་བཟོས་པར་སྨན་བཅོས་བྱེད་སྟངས།
1.གལ་ཏེ་གློག་འཁྱུད་ནས་བཟོས་པའི་རྨ་ཁ་ཆུང་བ་དང་། འཚིག་རྨས་ཆུང་བ། རྨ་ཁ་གཏིང་རིང་པོ་མེད་པ་བཅས་ཡིན་ན། ཨ་ཅོར་རློན་པ་གཙང་མ་ཞིག་རྨ་ཁར་སྦྱར་ནས་རྨ་ཁའི་དྲོད་ཚད་གཅོག་དགོས།
2.གློག་གིས་འཚིག་རྨས་བྱུང་ཚེ། རྨས་མའི་འཚིག་པའི་གྱོན་ཆས་དུས་ཐོག་ཏུ་ཕུད་ནས་འཚིག་རྨས་བྱུང་སའི་དྲོད་ཚད་གཅོག་པ་ལས་ཚ་བ་ཆེ་བའི་དབང་གིས་རྨ་ཁ་ཆེ་རུ་མི་འགྲོ་བར་བྱེད་དགོས། དེས་མ་ཚད་འཕྲལ་དུ་སྨན་པ་བསྟེན་དགོས་པ་དང་། ལམ་བར་དུ་རྨ་རས་གཙང་མའམ་ཡང་ན་རྨ་ཁར་སེང་རས་དཀྲིས་ནས་བཙོག་པ་མི་ཤོར་བར་བྱེད་དགོས།
(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།