བོད་ཀྱིས་ཡུལ་གཞན་དུ་སྡོད་ཁང་སྤྱི་གསོག(སྡེབ་སྒྲིག)དངུལ་བུན་སྒོར་དུང་ཕྱུར་1.1བཏང་བ།
མིག་སྔར་ལྗོངས་ཕྱིར་ཁང་པ་གསར་པ་ཉོ་མཁན་ལ་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི་100བར་མཐོ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཡུལ་གཞན་དུ་ཁང་པ་ཉོ་མཁན་ལས་བཟོའི་དགོས་མཁོར་དམིགས་ནས་ཡུལ་གཞན་དུ་དངུལ་བུན་གཏོང་བའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། 2025ལོའི་ཟླ་9པའི་བར། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཡུལ་གཞན་དུ་སྡོད་ཁང་སྤྱི་གསོག(སྡེབ་སྒྲིག)དངུལ་བུན་གཏོང་བའི་ལས་སྒོ་ཁག་129བདེ་བླག་ངང་གཉེར་ནས་དངུལ་བུན་སྒོར་དུང་ཕྱུར་1.1བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་12པར། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཞན་དབྱང་གྲོང་ཁྱེར་བཅས་ལ་ལྗོངས་ཕྱིའི་ཡུལ་གཞན་གྱི“སྡོད་ཁང་གི་སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་ཁང་ཟུང་དུ་འབྲེལ་བའི”སྡེབ་སྒྲིག་དངུལ་བུན་གྱི་ལས་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།ད་ལོའི་ཟླ་5པར། འཛུགས་སྐྲུན་དངུལ་ཁང་ཏེ་དབྱང་ཡན་ལག་དངུལ་ཁང་དང་། མེ་ཧྲན་ཡན་ལག་དངུལ་ཁང་། ཙི་དབྱང་ཡན་ལག་དངུལ་ཁང་བཅས་ལྗོངས་ཕྱིའི་སྡོད་ཁང་སྤྱི་གསོག་མ་དངུལ་གཉེར་འགན་འཁུར་མཁན་གྱི་སྒྲིག་གཞི་གསུམ་གསར་དུ་བསྣན་པ་རེད། མིག་སྔར་ལྗོངས་ཕྱིའི་མཉམ་ལས་དངུལ་ཁང་དུ་ཁྱོན་དྲ་ཚིགས་30ཡོད་པར། སི་ཁྲོན་ཞིང་ཆེན་དུ་24དང་། ཁྲུང་ཆིང་གྲོང་ཁྱེར་དུ་5 ཞན་དབྱང་གྲོང་ཁྱེར(ཞི་ཞན་ཁུལ་གསར)དུ་1བཅས་ཡོད་པ་རེད།
དངུལ་བུན་གཏོང་བའི་བརྒྱུད་རིམ་དེ་བས་སྟབས་བདེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་གི་གཞི་གྲངས་དེ་ཐད་ཀར་ཡོང་འབབ་གཏན་འཁེལ་གྱི་གཞི་འཛིན་སར་བྱས་ཏེ། ལས་བཟོའི་ཡོང་འབབ་ངོ་སྤྲོད་ཡི་གེའི་འབྲེལ་ཡོད་དཔྱད་ཡིག་མེད་པར་བཟོས་པ་མ་ཟད། ཞིབ་མཆན་འགོད་པའི་དུས་བཀག་ཉིན་20ནས་ཉིན་10བར་ཐུང་དུ་བཏང་ཡོད། དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག བུ་ཕྲུག་མང་བའི་ཁྱིམ་ཚང་ངམ་ཡང་ན་ལྗང་མདོག་འཛུགས་སྐྲུན་གྱི་གདེང་འཇོག་ཚད་གཞིའི་སྐར་མ་གཉིས་རིམ་པ་ཡན་གྱི་སྡོད་ཁང་གསར་པ་ཉོས་པའི་ལས་བཟོར། ད་ལྟ་གཡར་ཆོག་པའི་དངུལ་གྲངས་ཀྱི་རྨང་གཞིའི་ཐོག་སླར་ཡང་10%མཐོ་རུ་བཏང་བ་རེད། མིག་སྔར་ལྗོངས་ཕྱིར་སྡོད་ཁང་གསར་པ་ཉོ་མཁན་གྱིས་མང་ཤོས་ལ་སྒོར་ཁྲི་100གཡར་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།