རི་སྔོན་ཆུ་དྭངས་སྲུང་སྐྱོང་ལ་ཕུལ་བའི་རྒྱུགས་ལན།
—— “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་སྐོར་བཀོད་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་བཏོན་ནས། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས། རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ད་ཆ་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་བ་དང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱ་ཁྱོན་གྱིས་37.95%བཟུང་བ་མ་ཟད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཚང་མ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་ལ་ཡོངས་སུ་འཛུགས་གཏོད་བྱས་པའི་ཞིང་ཆེན་ཐོག་མར་ཡང་གྱུར་ནས། སྐྱེ་ཁམས་བཟང་པོ་ནི་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་དང་ས་ཁོངས་ཀྱི་མཚོན་རྟགས་མངོན་གསལ་ཞིག་ལ་གྱུར་ཡོད།
རི་ཀླུང་སྔོ་ལྗང་གིས་བརྒྱན། “རི་བོ་སྐྱ་ཐེར་ཐེར”ནས“སྐྱེ་ཁམས་སྲུང་བཅད”བར།
ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་ཚེ་རིང་བཀྲ་ཤིས་ཀྱིས་ལྷོ་རིར་མཛུབ་མོ་བཙུགས་ཏེ“དེ་སྔ་འདི་གར་ས་རྡོས་ཁེངས་ཡོད་ལ་ཕྱིར་ཐོན་སྐབས་གྱེན་འཛེགས་ནས་འགྲོ་དགོས། དུས་ཐུང་ལོ་ལྔའི་ནང་རི་རྒོད་སྔོ་ལྗང་དུ་་གྱུར་པ་དངོས་འབྲེལ་བསམ་ཡུལ་ལས་འདས་སོང”ཞེས་དགའ་སྤྲོས་ཁེངས་བཞིན་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། འགྱུར་ལྡོག་དེ་2021ལོར་འགོ་ཚུགས་པའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་བ་ལས་བྱུང་ཞིང་། ལོ་ལྔའི་རིང་། སྔོ་འགྱུར་མི་སྣས་ཕྲག་ཐོག་ཏུ་སྡོང་ཕྲུག་འཁུར་བ་དང་དཔུང་ས་འོག་ཏུ་བཅུག་ནས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ས་མཐོར་གྲང་རླུང་ལ་མི་འཛེམས་པར་ཐན་འགོག་སྡོང་སྲུང་བྱས་ཏེ། རི་ཀླུང་ལ་རིམ་བཞིན“ལྗང་གོས”བཀླུབས་ཡོད། ད་ལོའི་ཟླ་བདུན་པའི་བར། ལས་གྲྭ་དེས་ནགས་བཟོ་མུའུ་ཁྲི་107.93ལེགས་གྲུབ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་900ལྷག་ཙམ་ལས་ཞུགས་ཐུབ་པར་ཡོང་འབབ་སྒོར་དུང་ཕྱུར་29ལྷག་ཙམ་བྱུང་ཡོད།
ལྷོ་རིར་བྱུང་བའི་འགྱུར་ལྡོག་ནི་བོད་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་བསྡུས་རིས་ཤིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%བར་མཐོ་རུ་ཕྱིན་པ་དང་། 2024ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་པ། གཙང་པོ་དང་མཚེའུ་གཙོ་བོའི་ཆུ་སྤུས་རིགས་Ⅲགྱི་ཆུ་གཟུགས་ཀྱི་བསྡུར་ཚད་100%ཟིན་པའམ་ཡང་ན་དེ་ལས་ལེགས་པ། མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་དམིགས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད། གསའ་དང་གཙོད་སོགས་སྐམ་སའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས1072བརྟན་འཇགས་འཚོ་སྡོད་བྱས་པ། “མཛེས་སྡུག་ལྡན་པའི་གྲོང་གསེབ”དང་རང་བྱུང་སྐྱེ་ཁམས་གཉིས་མཉམ་འདྲེས་མཉམ་གནས་བྱུང་ནས་ཞི་མཐུན་གྱི་རྣམ་པ་བཟང་པོ་ཞིག་ས་མཐོར་མངོན་བཞིན་ཡོད།
ལྗང་མདོག་གི་སྒུལ་ནུས་འཕེལ། “ལྗང་མདོག་གློག་གཏོང”ནས“ལྗང་མདོག་གིས་མཐུན་རྐྱེན་སྦྱོར་བའི”བར།
བོད་དུ་གྲངས་འཛིན་དཔལ་འབྱོར་འདི་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། ཟླ་6ཚེས་18ཉིན། བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་ནུས་རྩིས་རྒྱག་ལྟེ་གནས་དང་པོ་སྟེ། “ཡར་གཙང་ཨང་དང་པོའི”ཞབས་ཞུ་འགོ་ཚུགས་ཤིང་། “‘ཡར་གཙང་ཨང་དང་པོའི’རྣམ་གྲངས་ཀྱི་དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་9.2བཏང་བ་དང་རྩིས་ནུས་གཞི་ཁྱོན་2000Pཟིན་ཡོད” རྣམ་གྲངས་ཀྱི་འགན་འཁུར་བ་ལིའུ་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་བསྐྲུན་པ་དེས་ལྷོ་ཁ་དང་ཐ་ན་བོད་ཀྱི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ལ“མགྱོགས་མཐེབ”མནན་ཏེ“ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་ལག་བསྟར་ཐུབ་པ་བྱུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། བོད་ཀྱིས་མུ་ཟི་དང་། བརླན་ཚད། དྲོད་ཚད་བཅས་དམའ་བའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་གྲངས་འཛིན་ཁེ་ལས་2700ལྷག་ཙམ་ལྷ་ས་མཐོ་གསར་ཁུལ་དུ་འཛུགས་པའི་ཡིད་དབང་བཀུག་ཡོད། 《“རྩིས་ནུས་ཇོ་མོ་གླང་མའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2026ལོའི་བར)》གཞིར་བཟུང་། 2026ལོར་སླེབས་སྐབས་བོད་ཀྱི་རྩིས་ནུས་ཀྱི་སྤྱིའི་གཞི་ཁྱོན་སྔོན་དཔག་བྱས་ན་PFLOPS100ཟིན་རྒྱུ་དང་འབྲེལ། “1+2+3”གྱི་ས་ཁོངས་ཀྱི་རྩིས་ནུས་མཚམས་ཚིགས་མ་ལག་བཙུགས་ནས། ལྷ་ས་དང་། ཉིང་ཁྲི། ཆབ་མདོ། གཞིས་རྩེ། ནག་ཆུ། མངའ་རིས་བཅས་སུ་ཁྱབ་པར་བྱ་རྒྱུ་རེད།
དེ་དག་ཐམས་ཅད་ནི་ནུས་རྒྱུ་གཙང་མའི་འདེགས་སྐྱོར་སྟོབས་ཆེན་ལས་བྱུང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་གློག་ཤུགས་ཀྱི་གློག་འདོན་ཚད་ཆན་ཝ་ཁྲི་1039.3ཟིན་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་99%ལས་བརྒལ་ནས་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་སྤྲོད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་སུ་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད། ཆུ་ནུས་དང་། རླུང་ནུས། ཉི་ནུས་བཅས་གློག་དྲ་བརྒྱུད་གློག་བརྟན་པོ་བཏང་བས། “རྩིས་ནུས་ཀྱི་འོད་སྣང”གསལ་བར་མ་ཟད། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཆེད་བོད་ཀྱི་སྟོབས་ཤུགས་ཀྱང་སྐྱེས་སུ་ཕུལ་ཡོད།
སྐྱེ་ཁམས་དམངས་ཕྱུག་ལ་འབད། “སྐྱེ་ཁམས་སྲུང་སྐྱོང”ནས“ཁེ་སྤོགས་ལོངས་སུ་སྤྱོད་པའི”བར།
ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཚེ་གཡང་གིས། “ལོ་རེའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་གྲོང་ཚོའི་ཡུལ་མི་ཚང་མ་བྲེལ་འཚུབ་ཤིན་ཏུ་ཆེན་པོ་ཡོད། ངའི་ཁྱིམ་གྱི་སྒོ་རར་ཤིང་ཏོག་ཁྲེ་ལི་ཙིའི་སྡོང་པོ་བརྒྱད་ཡོད། ཤིང་འབྲས་ཁོ་ན་བཙོངས་པར་ཡོང་འབབ་སྒོར་4000རག་གི་འདུག དེའི་ཐོག་ཁྱིམ་ཚང་མགྲོན་ཁང་དང་། སྐྱེལ་འདྲེན་བདལ་གླ། གྲོང་ཚོའི་མཉམ་སྡེབ་ཁེ་སྤོགས་བཅས་བསྣན་ན། ལོར་ཡོང་འབབ་སྒོར་ཁྲི་18རག་གི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ལས་སོགས་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཕན་ཚུན་ཆར་པ་ཆུ་གྲོགས་ཡོང་བར་སྐུལ་འདེད་བཏང་ཡོད། ཀ་ལ་གྲོང་ཚོར་མཚོན་ན། གྲོང་ཚོ་དེར་ཁྱོན་དུད་ཚང་33དང་མི་གྲངས་149ཡོད་པ་དང་། ལོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་ཁྲི་11ལས་བརྒལ་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པས། སྐྱེ་ཁམས་ཡག་པོ་སྲུང་བ་ནི་ང་ཚོའི་ལྟོ་ཕོར་ཡག་པོ་སྲུང་བ་རང་རེད”ཅེས་བཤད། ཡུལ་མིས་ཞིང་ལས་ཕྱོགས་བསྡུས་དངོས་ཚན་མཉམ་དུ་བསྐྲུན་ནས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”མིང་བྱང་ལས་བཀྲག་མདངས་འཚེར་བར་བྱས་ཡོད།
ཡུལ་སྐོར་གྱི་ཚ་རླབས་ཀྱིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཤིང་། 2024ལོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6389ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བས་འགྲོ་སོང་སྒོར་དུང་ཕྱུར་746ལྷག་ཙམ་བཏང་བ་དེ་དུས་མཚུངས་ལས་15.8%དང་14.5%སོ་སོར་འཕར་ཡོད། ཡུལ་སྐོར་བའི་ཁས་ལེན་ཐོབ་པ་ལས་བོད་ཀྱི་སྐྱེ་ཁམས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
ཀ་ལ་གྲོང་ཚོ་ཙམ་མ་ཟད། བོད་ཀྱི་གྲོང་ཚོ་གཞན་དག་གི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ལའང་ཕན་འབྲས་ཐོན་ཡོད་པ་སྟེ། ལྗོངས་ཡོངས་སུ་ལོ་ལྟར་ཆ་སྙོམས་སྐྱེ་ཁམས་ལས་གནས་ཁྲི་50ལྷག་ཙམ་བཏོད་ནས་སྐྱེ་ཁམས་ཡུལ་སྐོར་དང་ནགས་ཁྲོད་དཔལ་འབྱོར་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་འདེད་བཏང་བས། སྐྱེ་ཁམས་ཀྱི་ཁེ་སྤོགས་དངོས་དངོས་རྗེན་རྗེན་ངང་ལོངས་སྤྱོད་ཐུབ་པར་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བས། སྐྱེ་ཁམས་བསྐྱར་དར་གྱི་ལམ་བུ་དེ་ཉིད་ས་མཐོའི་མང་ཚོགས་ཁྲི་370ཡི་བདེ་སྐྱིད་ཀྱི་ལམ་བུར་གྱུར་དང་འགྱུར་མུས་ལགས།
འབྲེལ་ཡོད་གསར་འགྱུར།