རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་23པ་ཁྲེང་ཏུར་འཚོགས་པ།
2025ལོའི་ཟླ་10ཚེས་27ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཁམས་པའི་བརྙན་འཕྲིན་ཁང་གིས་གཉེར་འགན་འཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ད་རེས་ཀྱི་ཚོགས་འདུའི་དུས་ཡུན་ཉིན་5ཡིན་པ་རེད།

པེ་ཅིང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཕེབས་པའི་བོད་ཡིག་གི་ཚགས་པར་དང་དུས་དེབ་ཁང་དང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས། གསར་འགྱུར་དྲ་ཚུགས། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་སྨྱན་སྦྱོར་ཚན་པ་36གི་འཐུས་མི་96ཚོགས་འདུར་ཞུགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུར་གསར་འགྱུར་ཡིག་སྒྱུར་དང་། རླུང་འཕྲིན་བརྙན་འཕྲིན། དུས་དེབ། སྨྱན་སྦྱོར་གསར་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་500ལྷག་ཙམ་འབྱོར་ཞིང་། ཚོགས་འདུའི་རིང་། དཔྱད་ཞིབ་ཚོགས་ཆུང་བརྒྱད་ལ་དབྱེ་ནས་གོང་གསལ་གྱི་གསར་འགྱུར་བརྩམས་ཆོས་ལ་དཔྱད་འདེམས་དང་ཐ་སྙད་གསར་པ་400ཙམ་བཀས་བཅད་ཀྱིས་གཏན་འབེབས་བྱ་རྒྱུ་རེད། དེ་མིན་ཁམས་པའི་བརྙན་འཕྲིན་ཁང་དང་གཡག་རྔའི་ཇ་རའི་རྟེན་མཛོད་ཁང་སོགས་སུ་རྟོག་ཞིབ་ལ་ཕེབས་རྒྱུ་དང་། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དང་ཧི་མ་ལ་ཡ་བསམ་བཀོད་ལྟེ་གནས་སོགས་སུ་བཅར་འདྲིར་བསྐྱོད་རྒྱུ་རེད།



གསར་འགོད་པ། ཚེ་བརྟན་རྡོ་རྗེ། ཟླ་བ་ཚེ་རིང་། བསྟན་འཛིན་གཡུ་སྒྲོན། པད་མ་ཆོས་སྒྲོན།
འབྲེལ་ཡོད་གསར་འགྱུར།