དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་ལ་གྲོས་འཆམ་བྱས་ཏེ།

    ཟླ་10ཚེས་25ཉིན་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-27

    ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཟླ་10ཚེས་25ཉིན་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་དང་སྦྲགས་རྒྱལ་ཁབ་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    གཏན་འབེབས་ནང་བསྟན་དོན། 1945ལོར་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་རྒྱུན་མཐུད་འབད་འཐབ་དང་ཁྲག་བཏོན་དམར་འཛིང་བྱས་ཏེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་བླངས་པ་དང་ཆབས་ཅིག ཐའེ་དབན་གྱི་བདག་དབང་སླར་གསོ་བྱས་ཏེ་མེས་རྒྱལ་གྱི་པང་དུ་ལོག་པ་རེད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་དང་། ཀྲུང་གོ་སྲིད་གཞུང་གིས་ཐའེ་དབན་གྱི་བདག་དབང་སྤྱོད་རྒྱུ་སླར་གསོ་བྱས་པའི་བདེན་དཔང་ཁུངས་བཙན་ཞིག ཐའེ་དབན་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་གཞིའི་འབྲེལ་ཐག་གི་ལྷུ་ཚིགས་གལ་ཆེན་ཞིག ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་གཟི་བརྗིད་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་དྲན་ཤེས་ཤིག་བཅས་རེད།

    འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་བློ་སྟོབས་བརྟན་པོ་མངོན་པ། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་མི་རིགས་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་ཏུ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངོགས་གཉིས་ཀྱི་སྤུན་ཟླས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་གསར་པ་འབུལ་བར་ལྕག་སྐུལ་བཅས་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཏན་འབེབས་འཆར་ཟིན་སྐོར་གསལ་བཤད་གནང་སྐབས་ངོ་སྤྲོད་གནང་དོན། 1945ལོའི་ཟླ་10ཚེས་25ཉིན་ཀྲུང་གོའི་འཐབ་ཁུལ་ཐའེ་དབན་ཞིང་ཆེན་གྱིས་མགོ་བཏགས་དང་ལེན་ཞུ་བའི་མཛད་སྒོ་ཐའེ་པེ་རུ་འཚོགས་ཤིང་། དུས་དེ་ནས་བཟུང་ཐའེ་དབན་དང་ཕེང་ཧུའུ་གླིང་ཚོམ་བསྐྱར་དུ་ཀྲུང་གོའི་བདག་དབང་ཁོངས་སུ་ལོག་པ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྤུན་ཟླ་ཐའེ་དབན་བ་བཅས་ཀྱིས་གྲོས་འགོ་ཐེངས་མང་བཏོན་ནས་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱེད་པ་དང་འབྲེལ་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་བླང་བྱ་བཏོན་ཡོད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་རིམ་ངོས་སུ་དྲན་གསོའི་བྱེད་སྒོ་སྤེལ་བ་དེས་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་རྩོད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་དོན་དངོས་མངོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་གནས་བབ་སྲ་བརྟན་དུ་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་ལྕག་སྐུལ་བཅས་ལ་ཕན་ཐོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།