ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་མེས་རྒྱལ་གྱི་པང་དུ་ལོག་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
2025ལོ་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ཟླ་10ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་བརྒྱུད། བཅའ་ཁྲིམས་ཀྱི་རྣམ་པ་དང་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཟླ་10ཚེས་25ཉིན་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད། དེ་ཐོག་ནས་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་ཐུན་མོང་གི་རེ་འདུན་དང་བསམ་འདུན་གཅིག་སྡུད་ཐོག་མཚོན་ཡོད།
ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་དང་དེའི་དྲན་གསོའི་བྱེད་སྒོ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཡུན་རིང་གཏན་འཇགས་བྱ་རྒྱུ་ཡིན་ཞིང་། དེ་ལས་ལོ་རྒྱུས་ལ་དྲན་གསོ་ཞུ་བའི་སྒམ་ནན་རང་བཞིན་དང་བརྗིད་ཉམས་རང་བཞིན་མཚོན་པ་མ་ཟད། འབྲེལ་ཡོད་དྲན་གསོའི་བྱེད་སྒོའི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཡང་འགན་ལེན་བྱས་ཡོད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བ་ནི་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་པའི་རླབས་ཆེན་གྱི་ཉིན་མོ་རེད་ལ། ཐའེ་དབན་དམངས་ཚོགས་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཁྲག་འདོན་དམར་འཛིང་བྱས་པ་དང་རི་པིན་གྱི་མི་སེར་སྤེལ་བ་དང་བཙན་འཛུལ་ལ་འགོག་རྒོལ་བྱས་པ་དང་འབྲེལ། རྒྱལ་ཁ་རྦད་དེ་ཐོབ་པའི་གཟི་བརྗིད་ལྡན་པའི་རྒྱལ་ཁའི་ཉིན་མོའང་རེད། དེར་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་དྲན་གསོ་བྱེད་རིན་ཆེན་པོ་ཡོད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་ཁྲིམས་ལྟར་གཏན་འཁེལ་བྱས་པ་ནི་ལོ་རྒྱུས་ཀྱི་དོན་དངོས་གལ་ཆེན་དེ་བསྐྱར་བསྒྲགས་བྱས་པ་ཞིག་དང་། ཐའེ་དབན་གྱི་བདག་དབང་སླར་གསོ་དང་མེས་རྒྱལ་གྱི་པང་དུ་ལོག་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱས་པའི་བྱ་ཐབས་ནུས་ལྡན་ཞིག་རེད། དྲན་གསོའི་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་ནས་སྤེལ་བར་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
ལོ་རྒྱུས་ཇི་སྲིད་བར་དུ་བརྗེད་མི་རུང་། ལོ་རྒྱུས་བསྐྱར་དྲན་བྱེད་གལ་ཆེ། 1943ལོའི་ཟླ་12ཚེས་1ཉིན། ཀྲུང་གོ་དང་། ཨ་རི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས《ཁེ་རོའི་བསྒྲགས་གཏམ》སྤེལ་ཞིང་། རྒྱལ་ཁབ་གསུམ་པོས་དེ་ལྟར་བྱེད་པའི་དམིགས་ཡུལ་ནི་རི་པིན་གྱིས་བཙན་བཟུང་བྱས་པའི་ཀྲུང་གོའི་མངའ་ཁོངས་ས་ཆ་དཔེར་ན། བྱང་ཤར་དང་། ཐའེ་དབན། ཕེང་ཧུའུ་གླིང་ཚོམ་སོགས་ཀྲུང་གོར་ཕྱིར་སློག་བྱེད་ཆེད་རེད། 1945ལོའི་ཟླ་7ཚེས་26ཉིན། ཀྲུང་གོ་དང་། ཨ་རི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་རྗེས་སུ་སུའུ་ལེན་ཞུགས་པའི《པོ་ཚི་ཐན་སྤྱི་བསྒྲགས》ནང“ཁེ་རོའི་བསྒྲགས་གཏམ་ནང་འཁོད་པའི་ཆ་རྐྱེན་དག་ངེས་པར་དུ་ལག་བསྟར་བྱེད་དགོས”ཞེས་བསྐྱར་བསྒྲགས་བྱས་ཡོད། ལོ་དེའི་ཟླ་བ་9པར། རི་པིན་གྱིས《རི་པིན་གྱི་མགོ་བཏགས་དོན་ཚན》ལ་མིང་རྟགས་བཀོད་དེ། “པོ་ཚི་ཐན་གྱི་སྤྱི་བསྒྲགས་ནང་གཏན་འབེབས་བྱས་པའི་འོས་འགན་ཁག་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱ་རྒྱུ་ཡིན”ཞེས་ཁས་བླངས་ཡོད། ལོ་དེའི་ཟླ་10ཚེས་25ཉིན། ཀྲུང་གོ་སྲིད་གཞུང་གིས་དེ་རིང་ནས་བཟུང་ཐའེ་དབན་དང་ཕེང་ཧུའུ་གླིང་ཚོམ་ཚུར་བླངས་ཏེ། “ཐའེ་དབན་ལ་བདག་དབང་སྤྱོད་རྒྱུ་སླར་གསོ་བྱེད་ཀྱི་ཡིན་པ”ཁྱབ་བསྒྲགས་བྱས་ཡོད། ཐའེ་དབན་ཀྲུང་གོའི་པང་དུ་ལོག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་བརྒྱའི་བརྙས་བཅོས་མེད་པར་བཟོས་པའི་མཚོན་རྟགས་རང་བཞིན་གྱི་དོན་རྐྱེན་གལ་ཆེན་ཞིག་རེད་ལ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བར་དྲན་གསོ་བྱ་རྒྱུ་དེ་རྒྱལ་ཁབ་དང་བཅའ་ཁྲིམས་རིམ་ངོས་སུ་མཐོར་འདེགས་བྱས་པ་དེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་དགྲ་ལ་མཉམ་སྡང་དང་ཕྱི་རྒྱལ་གྱི་བཙན་འཛུལ་ལ་མཉམ་དུ་བཀག་འགོག་བྱས་པའི་ཐུན་མོང་གི་དྲན་ཤེས་ཟབ་ཏུ་གཏོང་བར་ཕན་ཐོགས་ཡོད་པ་ཞིག་རེད་ལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཕན་ཐོགས་ཡོད་པ་ཞིག་ཀྱང་རེད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་སྔར་བས་ཇེ་གསལ་ཏུ་བཏང་ཞིང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
འགྱུར་བ་གཏོང་ཐབས་བྲལ་བའི་དོན་དངོས་ཀྱི་མདུན་དུ། རྫུན་གཏམ་ནི་ཅི་འདྲའི་ནུས་མེད་ཅིག་རེད་ཨང་། ཉེ་བའི་ལོ་འགའི་རིང་། ལའེ་ཆིང་ཏེ་དང་དམངས་གཙོ་ཡར་ཐོན་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“རང་བཙན”དོན་གཉེར་གྱི་རྩོད་རྙོག་རྒྱུན་ཆད་མེད་པར་བསླངས་པ་དང་། “ཐའེ་དབན་རང་བཙན”གྱི་ཁ་བྲལ་གཏམ་འཆལ་འཛེམ་བག་མེད་པར་སྤེལ་བ། ཐའེ་དབན་གྱི་བདག་དབང་སླར་གསོའི་ལོ་རྒྱུས་ཀྱི་དོན་དངོས་རྐང་བཙུགས་ནས་མངོན་ཆུང་དུ་བཏང་བ་དང་ཁས་མ་བླངས་པ། ཐ་ན་རི་པིན་གྱི་མི་སེར་སྤེལ་བའི་དབང་སྒྱུར་ལ་མཛེས་བཟོ་བྱས་ཏེ། “དམག་འཁྲུག་མཇུག་སྒྲིལ”ཞེས་པའི་ཐ་སྙད་ཀྱིས“རི་འགོག་དམག་འཁྲུག”གི་ཚབ་བྱས་ནས་ངོགས་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་སྤུན་ཟླ་ཚོའི་བསམ་པའི་འབྲེལ་ཐག་གཅོད་རྩིས་བྱས། མི་རིགས་ཀྱི་བདེན་དོན་ཆེན་པོར་རྒྱབ་འགལ་དང་མི་རིགས་ཀྱི་ལངས་ཕྱོགས་དོར་ནས་རང་ཁུངས་བརྗེད་པའི་བྱ་ངན་སྤེལ་ན་ཕམ་ངེས་རེད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འགྲན་སློང་བྱས་ཏེ“ཐའེ་དབན་རང་བཙན”གྱི་ཁ་བྲལ་བྱེད་སྤྱོད་སྤེལ་བ་ནི་འཆི་ལམ་ཉག་ཅིག་ཡིན་པས། ལོ་རྒྱུས་ཀྱིས་ཞིབ་རྩིས་རྒྱག་ངེས་རེད། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ཡིན་པས། ང་ཚོའི་ཁྲག་རྒྱུན་དང་གཉེན་ཉེའི་བརྩེ་དུང་ལ་སུས་ཀྱང་བར་ཆད་གཏོང་མི་ཐུབ་ལ། མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སུས་ཀྱང་འགོག་མི་ཐུབ། མེས་རྒྱལ་ཁ་བྲལ་གཏོང་བའི་ཕྱོགས་གཏོགས་དང་བྱེད་སྤྱོད་གང་ཞིག་ཡིན་རུང་། ཀྲུང་གོ་མི་དམངས་ཡོངས་ཀྱིས་དེར་ཁ་གཏད་ནས་རྡུང་རྡེག་དྲག་པོ་གཏོང་ངེས་རེད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་དེ་ཐོག་ནས་ང་ཚོས་བློ་རྩ་བརྟན་པོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་དང་ངོགས་གཉིས་པོའི་སྤུན་ཟླའི་བསམ་པའི་འབྲེལ་ཐག་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་མ་ཟད། “ཐའེ་དབན་རང་བཙན”གྱི་ཁ་བྲལ་ཕྱོགས་གཏོགས་ལ་ཉེན་བརྡ་དྲག་པོ་བཏང་བ་ཞིག་ཀྱང་རེད།
ཐའེ་དབན་གྱི་གནད་དོན་ནི་མི་རིགས་ཟང་ཟིང་དང་ཉམས་ཞན་དུ་སོང་བ་ལས་བྱུང་བ་ཞིག་ཡིན་པས། མི་རིགས་བསྐྱར་དར་བྱུང་བ་དང་ཆབས་ཅིག་ཐག་གཅོད་ཐུབ་ངེས་རེད། སྲ་བརྟན་གཅིག་འགྱུར་གྱི་རྒྱལ་ཁབ་ཅིག་ནི་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ལས་དབང་གི་བརྟེན་ས་རེད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་གོ་སྐབས་སུ་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་ཀྲུང་གོ་བ་ཞིག་ཡིན་པའི་བློ་སྟོབས་དང་། ལ་རྒྱ། གཏིང་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བརྟན་པོར་སྲུང་བ། ངོགས་གཉིས་ཀྱི་སྤུན་ཟླའི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་ཚེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།