ཆན་ཞུའེ་སེན་མེས་རྒྱལ་དུ་ལོག་ནས་ལོ་ངོ་བདུན་ཅུ་འཁོར་བ་ལས་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོར་ལྟ་བ།
མི་རིང་བའི་གོང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཆེན་པོའི་མཆོག་ནོར་ཁག་གཅིག་གནམ་བདེ་སྒོ་མོ་ཆེ་བརྒྱུད་དུས། རྒྱལ་ཡོངས་མི་དམངས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དགའ་མགུའི་ཡོ་ལང་འཁྲིགས། དུས་སྐབས་འདི་ལྟ་བུ་རེ་རེར། མི་རྣམས་ཀྱིས་མེས་རྒྱལ་དར་རྒྱས་སྟོབས་འབྱོར་རྒྱས་པའི་དོན་དུ་སྟོབས་ཤུགས་ཡོད་དགུ་བཏོན་མཁན་ཚན་རིག་མཁས་ཅན་རྣམས་རྟག་པར་ཡིད་ལ་འཁོར་སྲིད། དེའི་གྲས་ནས་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གི་རྨང་གཞི་འདིང་མཁན་དང“མདེལ་གཉིས་སྐར་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཆན་ཞུའེ་སེན་ནི་འཐུས་ཚབ་ཁྱད་པར་བ་ཞིག་ཡིན་པ་རེད།
ད་ལོ་ནི་སྐུ་ཞབས་ཆན་ཞུའེ་སེན་མེས་རྒྱལ་དུ་ལོག་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད།
1955ལོའི་ཟླ་10ཚེས་8ཉིན། མཚོ་འགྲུལ་ཉིན་20ལྷག་ཙམ་བྱས་ཏེ་ཆན་ཞུའེ་སེན་ནང་མི་དང་བཅས་པ་ཀོང་ཀྲོའུ་རུ་འབྱོར་ནས་མེས་རྒྱལ་གྱི་པང་དུ་ལོག་པ་རེད། ལོ་དེར“ཙུང་ཐུང་ཁེ་ལི་ཧྥུའུ་ལན་རྟགས་ཅན”ཡུལ་སྐོར་མཚོ་གྲུའི་སྟེང་སྐུ་ཞབས་ཆན་ལགས་ཀྱིས་ཨ་རིའི《ལུའོ་ཧྲན་ཅི་སྐབས་དོན་ཚགས་པར》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས“ང་རང་ཉིད་ཀྱི་མེས་རྒྱལ་པང་དུ་ལོག་ཐུབ་པར་ཧ་ཅང་དགའ་པོ་བྱུང་། མ་འོངས་པར་ངས་འབད་བརྩོན་ཧུར་ཐག་བྱས་ནས་ཀྲུང་གོ་མི་དམངས་དང་མཉམ་དུ་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། ངའི་སྤུན་ཟླ་རྣམས་ལ་ལ་རྒྱ་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
རྒྱལ་ནང་དུ་ལོག་རྩིས་མ་བྱས་གོང་ནས་སྐུ་ཞབས་ཆན་ལགས་ནི་མཁའ་སྐྱོད་རིག་པའི་ཁྱབ་ཁོངས་སུ་དགོངས་ཚུལ་ཆེ་ཤོས་ལྡན་པའི་མཁས་དབང་གི་གྲས་ཤིག་ཡིན་པར་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེང་རབས་འཇིག་རྟེན་འཕུར་སྐྱོད་གནམ་གྲུའི་ཐོག་མའི་རྣམ་པའི་སྐོར་གྱི་ཁོང་གི་དགོངས་ཚུལ་དེར་ཨ་རིའི་རྒྱལ་ཁབ་ཡོངས་ཀྱི་རིག་གཞུང་ལས་རིགས་ལ་སྐད་གྲགས་ཆོད་ཡོད། བྱ་གཞག་དར་རྒྱས་འགྲོ་བའི་སྒང་དང་རིག་གཞུང་གི་མཚན་སྙན་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཁར། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་འཛམ་གླིང་གི་ཡང་རྩེ་ཡིན་པ་བཅས་ཀྱི་དབང་གིས། གྲུབ་འབྲས་དེ་བས་ཆེ་བ་ལེན་ཐུབ་པར་ཆ་རྐྱེན་མཐའ་དག་འཛོམས་ཡོད། འོ་ན་ཡང་སྙིང་སྟོབས་ཤུགས་གང་ཞིག་གི་རྐྱེན་གྱིས་མཐར་ཐུག་ཁོང་གིས་འཚོ་བ་བཟང་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་དོར་ནས་འགལ་རྐྱེན་དང་དཀའ་ངལ་མང་པོ་བསལ་ཏེ། སྐྱ་ཟད་སྔོ་གཏུགས་དང་དབུལ་ཕོངས་རྗེས་ལུས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ནམ།
ཆན་ཞུའེ་སེན་གྱི་པཱ་ལགས་ཆན་ཅ་ཀྲིའི་གཞོན་ནུའི་དུས་རབས་ནི་ཆིང་རྒྱལ་རབས་དུས་མཇུག་གི་རྒྱལ་ཁབ་ཉིན་བཞིན་ཉམས་རྒུད་དུ་འགྲོ་བ་དང་དཔྱོད་ལྡན་མཁས་པ་རྣམས་ཀྱིས་ཕྱོགས་གང་སར་རྒྱལ་ཁབ་དང་མི་དམངས་སྐྱོབ་པའི་བདེན་ལུགས་འཚོལ་བའི་སྐབས་སུ་འཁེལ་ཡོད། ཁོང་ནི་བློ་རྒྱ་ཆེ་ཞིང་འགན་འཁུར་བའི་པཱ་ལགས་ཞིག་ཡིན་ལ། བསམ་བློ་གསར་པ་ལྡན་པའི་སློབ་གསོ་མཁས་ཅན་ཞིག་ཀྱང་ཡིན་པས། ཁོང་གི་ཁྱིམ་ཚང་སློབ་གསོ་ལས་ཆན་ཞུའེ་སེན་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གིས་ཆན་ཞུའེ་སེན་ལ་དཔེ་ཀློག་གི་རྩིས་ཐོ་བཀོད་པ་དང་འབྲེལ་དཔེ་ཀློག་གི་ཟིན་བྲིས་ལ་དག་བཅོས་བྱས་ཏེ། ཤུགས་སྐྱེད་སྟོབས་སྤེལ་དང་ཀྲུང་ཧྭ་དར་རྒྱས་ཡོང་བའི་ས་བོན་དེ་གཞོན་ནུ་ཆན་ཞུའེ་སེན་གྱི་སེམས་སུ་བཏབ་པ་རེད། ཕྱིས་སུ་ཆན་ཞུའེ་སེན་གྱིས་རྒྱུན་དུ“ངའི་དགེ་རྒན་དང་པོ་ནི་པཱ་ལགས་ཡིན”ཞེས་གསུང་གི་ཡོད།
སྐུ་ཞབས་ཆན་ལགས་ཀྱི་མི་ཚེའི་བློ་སྒོ་འབྱེད་པའི་དུས་རིམ་ལ་ཕྱིར་མིག་ལྟ་སྐབས་མི་རྣམས་ལ་མྱོང་ཚོར་ཟབ་མོ་ཡོང་ངེས་རེད། “ཁྱིམ་ཚང་ནི་མི་ཚེའི་སློབ་ཁང་དང་པོ་ཡིན་པ་དང་། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན། ཕྲུ་གུ་ཚོས་སྐད་ཆ་ཤོད་སྟངས་སྦྱོང་བ་ནས་བཟུང་ཁྱིམ་ཚང་སློབ་གསོ་དང་ལེན་བྱེད་འགོ་ཚུགས་ཡོད། ཁྱིམ་ཚང་སློབ་གསོ་གང་འདྲ་ཞིག་བརྒྱབ་ཚེ་མི་དེའང་དེ་དང་འདྲ་བ་ཞིག་ཡོང་ངེས་རེད”
1935ལོའི་ཟླ་8པར། ཆན་ཞུའེ་སེན་ཨ་རིར་སློབ་སྦྱོང་ལ་མ་ཕེབས་གོང་ཆན་ཅ་ཀྲིས་བུ་ལ་ཕྱི་རྒྱལ་དུ་ཆེད་ལས་སློབ་སྦྱོང་བྱེད་ཞོར་དུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད་པའི་དཔེ་དེབ་མང་ཙམ་ཀློག་དགོས་པའི་བསླབ་བྱ་གནང་ཡོད། “ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་ཞིག་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ། མི་རབས་རྗེས་མར་བཞག་པའི་ཤུལ་བཞག་ཡག་ཤོས་ཤིག་ཀྱང་ཡིན།” ཆན་ཞུའེ་སེན་གྱི་པཱ་ལགས་ཀྱིས་བུ་ཕྲུག་ཕྱི་རྒྱལ་དུ་བསྐྱོད་པ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་དེ་མིན་པར་ཕ་ཡུལ་ཡིད་ལ་བཅངས་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་སྟེ་ལྷག་བསམ་རྣམ་དག་གིས་མེས་རྒྱལ་ལ་ཞབས་འདེགས་ཞུ་རྒྱུའི་རེ་བ་འཆང་གི་ཡོད། ཕྱི་རྒྱལ་དུ་མ་བསྐྱོད་གོང་ནས་ཕྲུ་གུ་ཕྱིར་ལོག་པའི་རེ་སྒུག་བྱེད་པ་ནི་ཕ་མའི་ཐུགས་བློ་བསྟུན་ཆེད་མིན་པར་རྒྱལ་ཁབ་དར་རྒྱས་གོང་འཕེལ་བློ་ལ་འཆང་བ་དང་། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་ལྡན་པ། འོད་ཟེར་སྟོང་ལྡན་གྱི་ལམ་བུས་ལམ་སྟོན་བཅས་བྱ་ཆེད་ཡིན། བློ་རྒྱ་འདི་འདྲའི་འོག་གི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོས་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཀྱི་མཁས་པ་དང་ཕུལ་བྱུང་གི་མི་སྣ་རབ་ཅིག་གསོ་སྐྱོང་ཐུབ་ངེས་རེད།
ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་དུ་ཆན་ཅ་ཀྲིས་ཡང་ཆེད་མངགས་ཨ་རིར་ཡོད་པའི་བུར་འཕྲིན་ཡིག་བསྐུར་གནང་བ་སྟེ། ཚེ་སྲོག་ལ་རྩ་བ་ཡོད་པ་དེ་ནི་ཤིང་སྡོང་དང་འདྲ་བས་དེ་གསོ་སྐྱོང་བྱེད་སའི་ཡུལ་དང་ཁ་འབྲལ་ཐབས་མེད། དེར་རྩ་བ་ཚུགས་ན་གཞི་ནས་དར་རྒྱས་འགྲོ་བ་ལས་ཉམས་རྒུད་འགྲོ་མི་སྲིད། ཕྲུ་གུའི་ཚེ་སྲོག་གི་རྩ་བ་གསོ་སྐྱོང་བྱེད་མཁན་མེས་རྒྱལ་ཡིན། མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པ་ནི་གསོ་སྐྱོང་གི་བཀའ་དྲིན་བརྗེད་མི་རུང་བའི་གཏམ་དཔེ་ཞིག་ཡིན་པས་བུས་བློ་ལ་བརྟན་པོར་ངེས་རོགས།
ཆན་ཞུའེ་སེན་གྱི་པཱ་ལགས་ཀྱི་འཕྲིན་ཡིག་དེ་གཉིས་ལས་མངོན་པའི་ཁྱིམ་ཞེན་རྒྱལ་ཞེན་ནི་གཅེས་ཕྲུག་མེས་རྒྱལ་དུ་ཕྱིར་ལོག་པའི་བརྩེ་དུང་ཟབ་མོ་དང་དེ་བཞིན་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་སྐུལ་ལྕག་ཡིན་པས། ཆན་ཞུའེ་སེན་གྱི“ངའི་བྱ་གཞག་ཀྲུང་གོར་ཡོད་པ་དང་། ངའི་གྲུབ་འབྲས་ཀྲུང་གོར་ཡོད་པ། ངའི་དམིགས་ཡུལ་ཀྲུང་གོར་ཡོད་པའི”བསམ་བློ་སྔར་བས་བརྟན་དུ་ཕྱིན་ཡོད།
རྒྱལ་ནང་དུ་ལོག་རྗེས། སྐུ་ཞབས་ཆན་ལགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་དབུས་སུ་བཅངས་པ་དང་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དགོས་མཁོ་དེ་བྱ་གཞག་འཕེལ་རྒྱས་ཀྱི་རྩ་བའི་ཁ་ཕྱོགས་སུ་བརྩིས་ཏེ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མི་རིགས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཡོད། དེ་དག་ཚང་མ་སྐུ་ཞབས་ཆན་ལགས་ཀྱི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད།
ཆན་ཞུའེ་སེན་མེས་རྒྱལ་དུ་ལོག་ནས་ལོ་ངོ་70འཁོར་བའི་དུས་སུ་ཁོང་ཁྱིམ་གྱི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ལས་ང་ཚོར་བློ་སྒོ་གལ་ཆེན་གཞན་ཞིག་ཕྱེ་བ་སྟེ། “ཕ་མ་དང་ཁྱིམ་བདག་གི་ངོས་ནས་ཀུན་སྤྱོད་ཀྱི་འདུ་ཤེས་བཟང་པོ་ཆུང་དུས་ནས་ཕྲུ་གུ་ཚོར་བརྒྱུད་སྤྲོད་བྱས་ཏེ། ཁོང་ཚོར་མི་ཞིག་བྱེད་པའི་བློ་སྟོབས་དང་སྙིང་སྟོབས་ལྡན་པར་ཁྲིད་སྟོན་བྱེད་པ་དང་། སེམས་ཁམས་ཡག་པོ་ཞིག་གྲུབ་རྒྱུའི་རོགས་རམ་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་ནར་སོན་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་ཐུབ་པར་བྱེད་དགོས་པ་དེའོ”
འབྲེལ་ཡོད་གསར་འགྱུར།