ཀྲུང་གོ་དང་པུར་ཀ་རི་ཡའི་ས་ཁུལ་མཉམ་ལས་ཀྱིས་ཕྱོགས་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་པ།

འདི་ནི་བར་སྒྲོལ་རླངས་འཁོར་ཡིན་པའི་ཀྲུང་གོ་ཡུས་ཐུང་གློག་སྒུལ་འགྲུལ་སྐྱེལ་རླངས་འཁོར་གྱིས་སོ་ཧྥེ་ཡ་གནམ་ཐང་དུ་འགྲུལ་པ་དབོར་སྐྱེལ་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོ་དང་པུར་ཀ་རི་ཡའི་ས་ཁུལ་མཉམ་ལས་ཚོགས་ཆེན་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡར་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། པུར་ཀ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་། པུར་ཀ་རི་ཡའི“རྒྱུད་གཅིག་ལམ་གཅིག”རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས། པུར་ཀ་རི་ཡའི་གྲོང་ཁྱེར་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ཚོགས་འདུར་ཀྲུང་གོ་དང་པུར་ཀ་རི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྲིད་གཞུང་དབར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས་ལོ་10སོང་རིང་གི་མཉམ་ལས་འཕེལ་རིམ་ལ་ཕྱིར་དྲན་བྱས་པ་དང་། ཚོགས་ཞུགས་སྐུ་མགྲོན་ཚོས“གྲོང་ཁྱེར་མཉམ་ལས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཉམས་མྱོང་མཉམ་སྤྱོད་དང་མཉམ་ལས་དོན་གཉེར་བྱས་ཏེ། ཀྲུང་གོ་དང་པུར་ཀ་རི་ཡའི་དབར་གྱི་གྲོང་ཁྱེར་མཛའ་གྲོགས་ཀྱི་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་ནས་ཀྲུང་གོ་དང་པུར་ཀ་རི་ཡས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ལག་གདང་སྦྲེལ་ནས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་པ།
ཚོགས་ཆེན་འཚོག་ཡུལ་དུ་ཀྲུང་གོའི་ཤིང་པད་མའི་མེ་ཏོག་དང་པུར་ཀ་རི་ཡའི་རྒྱ་སེ་མེ་ཏོག་གི་རི་མོ་གཉིས་ལས་གྲུབ་པའི་ཀྲུང་གོ་དང་པུར་ཀ་རི་ཡའི་ས་ཁུལ་མཉམ་ལས་ཚོགས་ཆེན་གྱི་ཚོགས་རྟགས་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད། “པུར་ཀ་རི་ཡ་དང་ཀྲུང་གོའི་ས་ཁུལ་མཉམ་ལས་ཇེ་ཟབ་ཏུ་ཕྱིན་པ་དེས་ཕྱོགས་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད”ཅེས་པུར་ཀ་རི་ཡའི“རྒྱུད་གཅིག་ལམ་གཅིག”རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲ་ཧ་ལི་ཡེ་ཧྥུའུ་ཡིས་བརྗོད།
པུར་ཀ་རི་ཡས་ཀྲུང་གོ་ཕྱོགས་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་གཞོལ་བཞིན་ཡོད་ཅེས་པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཅི་སའེ་ལུའོ་ཝ་ཡིས་བརྗོད་པ་རེད། ད་ལོ་ཚུན་དུ་པུར་ཀ་རི་ཡའི་སྲིད་གཞུང་གི་མཐོ་རིམ་དང་། ཁྲིམས་འཛུགས་སྒྲིག་གཞིའི་འཐུས་མི། ས་གནས་སྲིད་གཞུང་གི་འགན་འཁུར་བ་བཅས་མང་པོ་ཀྲུང་གོར་འཚམས་འདྲིར་བསྐྱོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་སྒྲོམ་གཞིའི་འོག སྤེལ་བའི་དགེ་མཚན་ལྡན་པའི་གླེང་མོལ་དང་མཉམ་འགུལ་སྤེལ་རེས་ལ་ཁོང་གིས་ཚད་མཐོའི་གདེང་འཇོག་བྱས་ཤིང་། “དེ་ནི་པུར་ཀ་རི་ཡ་དང་ཀྲུང་གོས་དུས་ཡུན་རིང་ལ་ཕན་འབྲས་ལྡན་པའི་མཉམ་ལས་འབྲེལ་བ་འཛུགས་པའི་འབྲེལ་ཟམ་ཞིག་རེད”ཅེས་པུར་ཀ་རི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཅི་སའེ་ལུའོ་ཝ་ཡིས་བརྗོད་པ་རེད།
གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།
ཀྲུང་གོ་དང་པུར་ཀ་རི་ཡས“རྒྱུད་གཅིག་ལམ་གཅིག”
མཉམ་དུ་སྐྲུན་པའི་ལོ་10ཡི་རིང་གི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་པུར་ཀ་རི་ཡ་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་འབོར་2020ལོའི་ཨ་སྒོར་དུང་ཕྱུར་29ནས་2024ལོའི་ཨ་སྒོར་དུང་ཕྱུར་41བར་མགྱོགས་མྱུར་འཕར་ཡོད། པུར་ཀ་རི་ཡའི་རྒྱ་སེ་མེ་ཏོག་གི་བཅུད་སྣུམ་དང་། མ་རྨོས་ལོ་ཏོག ཉི་མ་མེ་ཏོག་གི་སྣུམ། དཀར་ཆུའི་ཐོན་རྫས། རྒུན་ཆང་སོགས་ལ་ཀྲུང་གོའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། གཞན་ཡང་། པུར་ཀ་རི་ཡ་ནས་ཀྲུང་གོའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད་ལ། ཀྲུང་གོའི་འོད་ཤུགས་དང་ནུས་གསོག་ཐོན་རྫས་ཀྱིས་པུར་ཀ་རི་ཡའི་ལྗང་མདོག་ཕྱོགས་སྒྱུར་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད། དེས་མ་ཟད་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤུས་རྟགས་པུར་ཀ་རི་ཡའི་ཁྲོམ་རར་ཞུགས་རྒྱུའི་གྲ་སྒྲིག་ཀྱང་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
“ས་ཁུལ་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད། ང་ཚོས་པུར་ཀ་རི་ཡའི་གྲོང་ཁྱེར་20ཙམ་གྱི་འཐུས་མི་ཀྲུང་གོར་འཚམས་འདྲིར་གདན་དྲངས་ནས་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱ་རྩིས་ཡོད། ང་ཚོས་མུ་མཐུད་ཧྲི་ཀྲང་ཀྲུང་གོར་འཚམས་འདྲིར་སྐྱོད་པའི་ཚོགས་པ་གཉེར་ནས་རྒྱལ་ཁབ་གཉིས་པོའི་ས་ཁུལ་འགྲོ་འོང་ལ་ལས་སྟེགས་དེ་བས་མང་བ་བསྐྲུན་རྒྱུ་ཡིན”ཞེས་པུར་ཀ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་ཆིང་ལིས་བརྗོད།
པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་གཞན་དག་དང་མཉམ་དུ་གཉིས་ཕན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་པུར་ཀ་རི་ཡའི་ས་ཁོངས་འཕེལ་རྒྱས་དང་སྤྱི་པའི་ལས་དོན་པུའི་པུའུ་ཀྲང་དབྱི་ཝན་ནོ་ཧྥུའུ་ཡིས་བརྗོད།
ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་བཟུང་ནས་མཛའ་གྲོགས་ཟབ་ཏུ་གཏོང་བ།
“གྲོང་ཁྱེར་གླེང་སྟེགས”ཀྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བརྗོད་དོན་གཙོ་བོའི་གྲོས་བསྡུར་ཁྲོད། ཆེ་ལུའོ་ཕེ་ཆི་གྲོང་ཁྱེར་གྱི་སྲིད་གཞུང་གི་དྲུང་ཡིག་ཁ་ལུའོ་ཡ་ནོ་ཝ་ཡིས་པུར་ཀ་རི་ཡའི་ཕྲུ་གུ་ཚོས་རྒྱ་ཡིག་ཀློག་པ་དང་འབྲི་བའི་བརྙན་ལམ་དུམ་བུ་ཞིག་བསྟན་པ་རེད། ཁ་ལུའོ་ཡ་ནོ་ཝས“2018ལོ་ནས་བཟུང་། ཆེ་ལུའོ་ཕེ་ཆིས་ཏ་ཐེར་ནོ་ཝོ་སློབ་ཆེན་ཁུང་ཙི་སློབ་གླིང་དང་མཉམ་ལས་བྱས་ཏེ་ལོ་ལྟར་སློབ་ཆུང་གཅིག་དང་། བུ་བཅོལ་ཁང་གཅིག ས་གནས་དེ་གའི་མི་དར་མ་བཅས་ལ་རྒྱ་ཡིག་སློབ་ཚན་བཙུགས་པས། མི་རྣམས་ཀྱི་རྒྱ་ཡིག་སྦྱོང་བའི་སྤྲོ་སྣང་ཆེ་རུ་སོང་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་པུར་ཀ་རི་ཡའི་སློབ་གསོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། པུར་ཀ་རི་ཡའི་གྲོང་ཁྱེར་30ལྷག་ཙམ་གྱིས་ཁུང་ཙི་སློབ་གླིང་ལ་བརྟེན་ནས་རྒྱ་ཡིག་སློབ་གསོ་སྤེལ་བ་དང་གྲོང་ཁྱེར་9ཡིས་སོ་ཧྥེ་ཡ་ཀྲུང་གོའི་རིག་གནས་ལྟེ་གནས་ལ་བརྟེན་ནས“ཀྲུང་གོའི་ཟུར་ཕྱོགས”བཙུགས་ཡོད། ད་ལོ་ཁོ་ནར་པུར་ཀ་རི་ཡའི་ལས་རིགས་ཁག་གི་མི་སྣ་བརྒྱ་ཕྲག་ཁ་ཤས་ཀྱིས་མི་ཤུགས་ཐོན་ཁུངས་རྣམ་གྲངས་བརྒྱུད་ཀྲུང་གོར་རྟོག་ཞིབ་ལ་བསྐྱོད་པ་དང་པུར་ཀ་རི་ཡའི་སློབ་མ་200ལྷག་ཙམ་ཀྲུང་གོའི་དབྱར་སྒར་ལ་ཞུགས་ཡོད། ཨའེ་ལིན·ཕེ་ལིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཞི་མེ་ཨའོ་ནུའོ་ཧྥུའུ་ཡིས“སྐད་ཡིག་ནི་རྒྱལ་ཁབ་ཅིག་ཤེས་རྟོགས་བྱེད་པའི་ལྡེ་མིག་ཡག་ཤོས་རེད། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཀྱི་རྒྱབ་ལྗོངས་འོག་མི་ཆོས་རིག་གནས་སྤེལ་རེས་ཀྱི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། པུར་ཀ་རི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་སྒྲིག་རྒྱུའི་རེ་བ་ཡོད”ཅེས་བརྗོད།
པུར་ཀ་རི་ཡའི་གྲོང་ཁྱེར་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་དང་ཐེ་ལུའོ་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་སྨི་ཧ་དབྱི་ལུའོ་ཝ་ཡིས“ང་ཚོས་ཀྲུང་གོའི་དཀར་ཆས་འགྲེམས་སྟོན་དང་ཀྲུང་གོའི་རིག་གནས་བྱེད་སྒོ་མང་པོ་གཉེར་མྱོང་ཡོད། པུར་ཀ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁུང་ཙི་སློབ་གླིང་གི་རྒྱབ་སྐྱོར་འོག་པུར་ཀ་རི་ཡའི་སློབ་མ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་ལ་སྐྱོད་པའི་གོ་སྐབས་བྱུང་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ས་གནས་མཉམ་ལས་ཀྱི་དོན་སྙིང་གཏིང་ཟབ་པས“རིག་གནས་ཀྱི་ཁྱད་པར་ནི་འགོག་རྐྱེན་ཞིག་མིན་པར་གསར་གཏོད་ཀྱི་འབྱུང་རྩ་རེད། དེ་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྗང་མདོག་མཉམ་ལས་ཡིན་ནའང་འདྲ། ཡང་ན་མི་ཆོས་རིག་གནས་སྤེལ་རེས་གང་ཞིག་ཡིན་རུང་། ང་ཚོའི་མཛའ་གྲོགས་རྒྱུན་ཆད་མེད་པར་རྒྱུན་མཐུད་དང་གཏིང་ཟབ་ཏུ་འགྲོ་རྒྱུ་རེད”ཅེས་ནན་བཤད་བྱས་ཡོད།
(འདི་ག་ཚགས་པར་ཁང་དུ་སོ་ཧྥེ་ཡ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།