དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧང་སེར་ལྕགས་ལམ་གྱི་སེར་པི་ཡའི་ལམ་དུམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་འགྲུལ་སྐྱེལ་ཆེད་གཏོང་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

    “ཀྲུང་གོའི་མྱུར་ཚད”ཉམས་ལེན་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་བསུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཤེ་ཡ་ཧུང་།   |     སྤེལ་དུས།  2025-10-26


    འདི་ནི་ཧང་སེར་ལྕགས་ལམ་གྱི་མྱུར་བགྲོད་མེ་འཁོར་ནང་གི་འགྲུལ་པས་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་པར་རྒྱག་བཞིན་པ།

    ཟླ་བ་བཅུ་པའི་སེར་པི་ཡར་སྟོན་ཉམས་ཀྱིས་ཕྱུག་ཅིང་། རྒྱལ་ས་པེར་ཀེ་ལའེ་ཏེ་ཡི་ལྟེ་བའི་མེ་འཁོར་འབབ་ཚུགས་སུ་མྱུར་བགྲོད་མེ་འཁོར་གསར་རྐྱང་ཞིག་འབབ་ཚུགས་སུ་ཁ་བཀག་ནས་བཞག་ཡོད་པ་དང་། གློག་རྡུལ་འཆར་ཤེལ་ལས་མཐའ་ཚུགས་ནི་མཐའ་མཚམས་གྲོང་ཁྱེར་ཆུང་གྲས་སུའུ་པོ་ཏི་ཁྲ་ཡིན་པ་མངོན་བཞིན་ཡོད། འདི་ནི་ཧང་སེར་ལྕགས་ལམ་གྱི་སེར་པི་ཡའི་ལམ་དུམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་གཏོང་འགོ་ཚུགས་པའི་འགྲུལ་སྐྱེལ་ཆེད་གཏོང་མེ་འཁོར་ཐོག་མ་དེ་ཡིན་པ་དང་། ས་གནས་དེ་གའི་དམངས་ཚོགས་མེ་འཁོར་ལ་བསྡད་ནས་འགྲུལ་བཞུད་ལམ་བུ་གསར་པ་ཞིག་མཉམ་དུ་ཉམས་ལེན་དང་མེ་འཁོར་གི“ཀྲུང་གོའི་མྱུར་ཚད”མཉམ་དུ་ཉམས་ལེན་བྱས་པ་རེད།

    པེར་ཀེ་ལའེ་ཏེ་དང་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་འབྲེལ་མཐུད་ཀྱི་ཧང་སེར་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་341.7ཟིན་ཞིང་། དེའི་ནང་སེར་པི་ཡའི་ལམ་དུམ་གྱི་རིང་ཚད་སྤྱི་ལེ་183.1ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་200ཟིན་གྱི་ཡོད། དེ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དབར་མཉམ་ལས་བྱེད་པའི་རྣམ་གྲངས་ཨ་མ་རེད། རྣམ་གྲངས་ཀྱི་ལམ་དུམ་མང་ཆེ་བར་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མ་དངུལ་བསྡུ་སྒྲིལ་བྱས་ཤིང་། ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིས་སྣེ་ཁྲིད་དེ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་ཀྲུང་གོ་ཕྱོགས་ཀྱི་མཉམ་གཉེར་ཚོགས་པ་བཙུགས་ནས་སྐྲུན་འགན་འཁུར་བ་རེད།

    ཉིན་གུང་ཆུ་ཚོད་12ལ། མེ་འཁོར་དངོས་སུ་གཏོང་འགོ་ཚུགས་ཡོད། དུས་ཐུང་ནང་མྱུར་ཚད་མགྱོགས་སུ་བཏང་རྗེས། འཁོར་སྒྲོམ་ནང་གི་གློག་རྡུལ་འཆར་ཤེལ་གྱིས་མེ་འཁོར་དེ་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་200ཡི་ཐོག་ནས་སྐྱོད་བཞིན་ཡོད་པ་དྲན་སྐུལ་བྱས་པ་དང་། འགྲུལ་པ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་བཏོན་ནས། གྲོགས་པོ་ཚོ་དང་མཉམ་དུ་གློག་རྡུལ་འཆར་ཤེལ་མདུན་དུ་མཉམ་པར་བརྒྱབ་ཅིང་། འགྲུལ་པ་ཏེ་ལཱ་ཀན་གྱིས“ལྕགས་ལམ་འདིས་སེར་པི་ཡའི་གྲོང་ཁྱེར་ཁག་འབྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ཡོད། དེ་ནི་ང་ཚོའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་པའི་མཚོན་རྟགས་གལ་ཆེན་ཞིག་རེད། སེར་པི་ཡར་མྱུར་བགྲོད་ལྕགས་ལམ་འདི་ལྟ་བུ་ཡོད་པ་ལས་རྒྱལ་ཁབ་ཡར་ཐོན་དང་འཕེལ་རྒྱས་ཕྱིན་པ་ར་སྤྲོད་ཐུབ་ཡོད”ཅེས་གསར་འགོད་པར་བརྗོད།

    མི་རིང་བའི་གོང་། སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་སྐུ་ངོ་མས་སུའུ་པོ་ཏི་ཁྲ་རུ་བསྐྱོད་པའི་ཚོད་ལྟའི་འཁོར་སྐྱོད་མེ་འཁོར་ལ་ཉམས་ལེན་བྱས་ཤིང་། ཁོང་གིས། དེ་སྔོན་མེ་འཁོར་རྒྱལ་ས་པེར་ཀེ་ལའེ་ཏེ་ནས་སུའུ་པོ་ཏི་ཁྲ་གྲོང་ཁྱེར་དུ་སྐྱོད་པར་ཆུ་ཚོད་5ཙམ་འགོར་གྱི་ཡོད། མེ་འཁོར་འདི་ཆུ་ཚོད་གཅིག་ལྷག་ཙམ་ནང་འབྱོར་གྱི་འདུག་ཅེས་བརྗོད་པ་རེད། ཁོང་གིས“ཀྲུང་གོའི་གྲོགས་པོ་ཚོ་མེད་ན། ང་ཚོར་གྲུབ་འབྲས་རླབས་པོ་ཆེ་དེ་འདྲ་ཐོབ་མི་སྲིད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཡོ་རོབ་ནས་མངགས་པའི་ཀྲུང་གོའི་མྱུར་བགྲོད་མེ་འཁོར་ཐོག་མ་དེ་ཡིན་པའི་ངོས་ནས། ཧང་སེར་ལྕགས་ལམ་དེ་ཉིད་ཀྲུང་གོའི་ལྕགས་ལམ་གྱི་ལག་རྩལ་སྒྲིག་སྦྱོར་ལ་ཡོ་རོབ་མནའ་འབྲེལ་གྱི་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ཀྱི་ལག་རྩལ་ཚད་གཞིའི་ཁས་ལེན་དཔང་འདོན་ཐོབ་པའི་རྣམ་གྲངས་ཐོག་མར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།