“ཀྲུང་གོའི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་བློ་སྒོ་ཕྱེ་བ”
—— ཧྥ་རན་སེའི་ཨའེ་ཧོ་རྩ་འཛུགས་ཀྱི་ཀྲུའུ་ཞི་ཁེ་ལི་སི་ཏི་ནཱ·པེར་ནཱ་པོར་བཅར་འདྲི་ཞུས་པ།
“ཀྲུང་གོའི་བུད་མེད་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྒྲིག་འཛུགས་འཐུས་ཚང་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཏེ་ཀྲུང་གོའི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་བློ་སྒོ་ཕྱེ་ཡོད”ཅེས་ཧྥ་རན་སེའི་ཨའེ་ཧོ་རྩ་འཛུགས་ཀྱི་ཀྲུའུ་ཞི་ཁེ་ལི་སི་ཏི་ནཱ·པེར་ནཱ་པོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད། ལོ་10ལྷག་ཙམ་རིང་། ཁོང་གིས་ཀྲུང་གོར་བརྟག་ཞིབ་ཐེངས་མང་བྱེད་པར་ཡོང་ནས་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ཀྱི་བུད་མེད་བྱ་གཞག་ཀྱི་འབྲེལ་གཏུག་དང་སྤྱི་ཕན་ཁྱབ་གདལ་ལས་དོན་གྱི་འགན་ཧུར་ཐག་འཁུར་ཡོད།
2013ལོར། པེར་ནཱ་པོ་ཧྥ་རན་སེ་ནས་རྡོག་ཐོན་གྱིས་ཀྲུང་གོར་འབྱོར་སྐབས“བུད་མེད་དང་ཆུ”བརྗོད་དོན་གཙོ་བོར་བྱས་ཏེ་རྟོག་ཞིབ་བྱས་པ་རེད། ཧྲའན་ཤིས་ཡན་ཨན་ནན་ཀོ་གྲོང་ཚོའི་བུད་མེད་ཚོས་རྒུན་འབྲུམ་འདེབས་འཛུགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཕྱིར་གླ་པར་སྐྱོད་མཁན་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་མ་ཟད། དྲ་ཐོག་ཚོང་དོན་བརྒྱུད་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་བཏང་བས་གྲོང་ཚོའི་གསོན་ཤུགས་སླར་ཡང་འཕེལ་བར་བྱས་ཡོད། སི་ཁྲོན་ཁྲེང་ཏུའི་ཙོ་མ་ཧོ་ཆུ་བོ་རྒྱུག་ཁུལ་དུ་བུད་མེད་ཚོ་རྒྱུན་གཏན་གྱི་ཆུའི་ཐོན་ཁུངས་དོ་དམ་པ་ཞིག་ཡིན་པའི་ངོས་ནས་ཆུ་གྲོན་ཆུང་དང་སྦགས་བཙོག་ཉུང་གཏོང་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱས་ཡོད། དཔེ་མཚོན་དེ་དག་ཁོང་གིས་གསུང་རྩོམ་དང་འཆད་ཁྲིད་ཁྲོད་རྟག་ཏུ་གླེང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 2016ལོར། པེར་ནཱ་པོ་ཤིན་ཅང་དང་ཀན་སུའུ་སོགས་སུ་བསྐྱོད་དེ་ས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད། ཀྲུང་གོའི་བུད་མེད་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་ཚད་མང་དུ་དང་ཤུགས་རྐྱེན་ཕོག་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། སྦྲུམ་མའི་བདེ་ཐང་གི་ཞབས་ཞུ་དང་གཞི་རིམ་སྨན་བཅོས་ནང་ཞུགས་ཚད་མུ་མཐུད་མང་དུ་ཕྱིན་ཞིང་། ཐོལ་བྱུང་དོན་རྐྱེན་ཁྲོད་རིམ་པ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ནུས་ཆེའི་སྐུལ་སློང་དང་ལག་བསྟར་ནུས་པ་མངོན་བཞིན་ཡོད་པ་ཁོང་གིས་ཤེས་རྟོགས་བྱུང་ཡོད།
ཀྲུང་གོའི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་དཔང་པོ་དང་དེའི་ནང་ཞུགས་མཁན་ཡིན་པའི་པེར་ནཱ་པོས་རྟག་ཏུ་ཡོ་རོབ་ཀྱི་ས་ཆ་མང་པོར་ཀྲུང་གོའི་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱེད་ཀྱི་ཡོད། 2024ལོའི་སྟོན་དུས་སུ། པེ་ཅིང་དུ་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བུད་མེད་སྤེལ་རེས་བྱེད་སྒོའི་ནང་། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ་ནས་ཡོང་བའི་བུད་མེད་ཕྱི་འབྲེལ་དཔོན་སོགས་དང་ལག་ཤེས་བཟོ་རྩལ་དང་། ན་ཆུང་བུ་མོའི་སློབ་གསོ། ལྗང་མདོག་ནུས་རྒྱུ་སོགས་ཀྱི་གྲོས་གཞིར་སྤེལ་རེས་གཏིང་ཟབ་བྱས་པ་རེད།
“ཀྲུང་གོས་བུད་མེད་བྱ་གཞག་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩི་གི་ཡོད” པེར་ནཱ་པོ་ཡིས“གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་རྒྱལ་ཁབ་ཁག་གི་བུད་མེད་འཐུས་མིས་ཉམས་མྱོང་མཉམ་སྤྱོད་དང་ཐབས་ཇུས་མཉམ་གྲོས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད” གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱིས་དུས་རབས་ཀྱི་བླང་བྱར་ལན་བཏབ་ནས་ཕྱོགས་ཁག་གིས《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》དོན་འཁྱོལ་གང་མགྱོགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་རྩལ་སྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།