དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཀུའེ་ཡ་ན་ཏེ་མེ་ལ་ལ་ཆུ་བོའི་ཟམ་ཆེན་གསར་པར་འཕྲུལ་འཁོར་ཤར་གཏོང་གི་ཕན་འབྲས་ཆེ་རུ་ཕྱིན་པ།

    “ཀུའེ་ཡ་ན་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་ཚད་རྡོ་རིང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲེན་དབྱི་མིན། ཧྲི་ཡོན་ཧའོ།   |     སྤེལ་དུས།  2025-10-26

    འདི་ནི་ཀུའེ་ཡ་ནའི་ཏེ་མེ་ལ་ལ་ཟམ་ཆེན་གསར་པ་ཡིན་པ།

    ཀུའེ་ཡ་ནའི་རྒྱལ་ས་ཅོར་ཅི་ཐོན་ནུབ་རྒྱུད་དུ་ཏེ་མེ་ལ་ལ་ཆུ་བོ་ནུབ་རྒྱ་མཚོ་ཆེན་པོར་དྲག་ཏུ་རྒྱུག་ཅིང་། ཆུ་སྟེང་དུ་བརྒྱབ་པའི་ཞེང་ཚད་ལ་སྤྱི་ལེ་1.8ཡོད་པའི་ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་ལྡིང་ཟམ་དེ་གྲོང་ཁྱེར་གྱི་མཚོན་རྟགས་གསར་པར་གྱུར་ཡོད། དེ་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱི་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་ལ“ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱི”ཞེས་བསྡུ་རྒྱུ)སྐྲུན་འགན་འཁུར་བའི་ཏེ་མེ་ལ་ལ་ཆུ་བོའི་ཟམ་ཆེན་གསར་པ་དེ་རེད། ཉིན་ཤས་གོང་འཚོགས་པའི་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོའི་ཐོག་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་ཡིས། ཟམ་ཆེན་ནི་ཚོང་ལས་དང་། བཟོ་ལས། དམངས་ཚོགས་བཅས་ཀྱི་འཚོ་བའི“སྲོག་རྩ”ལྟ་བུ་ཡིན་པ་དང་། དེས་སྐྱེལ་འདྲེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་འགྲོ་རྒྱུ་རེད། ཟམ་ཆེན་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཀུའེ་ཡ་ནའི་རྨང་གཞིའི་སྒྲིག་བཀོད་རབ་དང་རིམ་པའི་འཕོ་འགྱུར་འགོ་ཚུགས་པ་མཚོན་ཐུབ་ཅེས་བརྗོད།

    “ཟམ་པ་དེ་ནི་ང་ཚོའི་སྤོབས་པ་ཡིན། དེས་ང་ཚོའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད”

    2022ལོར་ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱི་དང་ཀུའེ་ཡ་ནའི་སྤྱི་པའི་ལས་གྲྭ་པུའུ་དབར་ཨར་སྐྲུན་གན་རྒྱར་དངོས་སུ་མིང་རྟགས་བཀོད་པ་དང་། 2023ལོའི་ཟླ་བ་དང་པོར་ཟམ་ཆེན་སྐྲུན་འགོ་ཚུགས་ཤིང་། ཟམ་ཆེན་གྱི་རིང་ཚད་ཧྲིལ་པོར་སྨི་2900ཡོད་པ་དང་། ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡོད་པའི་ཁར་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་ཡོད་པ། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་80ཟིན་གྱི་ཡོད། རྣམ་གྲངས་ཀྱི་ཅིང་ལི་ཝང་ཀྲི་ལེང་གིས། ཟམ་པ་གསར་པ་དེ་ལས་ངོགས་གཉིས་སུ་སྐྱོད་པའི་དུས་ཚོད་3/4ཐུང་དུ་སོང་བ་དང་གྲུ་སྐྱོད་ཟམ་མིག་ནས་ཏུན་ཁྲི་5རིམ་པའི་གྲུ་གཟིངས་གཏོང་ཐུབ་པས། ངོགས་གཉིས་སུ་འགྲོ་འོང་གི་ལས་ཆོད་ཆེ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། ཏེ་མེ་ལ་ལ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆ་རྐྱེན་ཡང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    ཀུའེ་ཡ་ནའི་སྤྱི་པའི་ལས་གྲྭ་པུའི་པུའུ་ཀྲང་ཧུའུ་ཨན·ཨའེ་ཆི་ཤིས་ཨེར་གྱིས“ཀུའེ་ཡ་ནའི་དམངས་ཚོགས་ཀྱིས་གྲུབ་འབྲས་དེར་སྤོབས་པ་བྱེད་ཀྱི་ཡོད། ཟམ་པ་དེས་ཅོར་ཅི་ཐོན་གྱི་འགྲིམ་འགྲུལ་བཀོད་པ་ལེགས་སུ་བཏང་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་རེད”ཅེས་གདེང་འཇོག་བྱས། ཀུའེ་ཡ་ནའི་སྤྱི་པའི་ཆ་འཕྲིན་པུའི་དུས་དེབ་ཐོག་ཏེ་མེ་ལ་ལ་ཆུ་བོའི་ཟམ་ཆེན་གསར་པ་ནི“ཀུའེ་ཡ་ན་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་དེས་ཕ་ཚ་བུ་རྒྱུད་ལ་བདེ་འཇགས་དང་། ཕན་ཆེ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་འགྲོ་ལམ་བཏོད་ཡོད”ཅེས་འཁོད་ཡོད།

    “ཟམ་ཆེན་དེ་ནི་མཛའ་གྲོགས་དང་འཕེལ་རྒྱས་ཀྱི་འབྲེལ་ཟམ་ཡིན་ལ། འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་འབྲེལ་ཟམ་ཡང་ཡིན”

    ལས་འགོ་བཙུགས་པ་ནས་བཟུང་། རྣམ་གྲངས་དེས་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་2000ལྷག་ཙམ་བཏོད་པ་དང་། ས་གནས་དེ་གའི་མཐོ་རིམ་ལག་རྩལ་ཆེ་མོ་བ་20ལྷག་ཙམ་དང་ལག་རྩལ་པ་300ལྷག་ཙམ་ལག་ལེན་ཁྲོད་འཚར་ལོངས་བྱུང་ཡོད། རྣམ་གྲངས་པུའུ་ཡིས་ད་དུང“སྒོ་དབྱེའི་ཉིན་མོ”དུས་བཀག་བཞིན་གཉེར་ནས་ཀུའེ་ཡ་ནའི་ལག་རྩལ་ཆེ་མོ་བ་དང་། སློབ་གྲྭ་ཆེ་མོ་བ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་ལྟ་སྐོར་བྱེད་པར་གདན་དྲངས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཀུའེ་ཡ་ནའི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་པའོ་ལུའོ་ཡིས་ཏེ་མེ་ལ་ལ་ཆུ་བོའི་ཟམ་ཆེན་གསར་པས་ངོགས་གཉིས་སྦྲེལ་མཐུད་ཐུབ་པ་མ་ཟད། འཕེལ་རྒྱས་དང་དར་རྒྱས་ཀྱང་སྦྲེལ་མཐུད་བྱས་ཡོད། ཟམ་ཆེན་བསྐྲུན་པ་ལས་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་ཡོད། “ཟམ་ཆེན་དེ་ནི་མཛའ་གྲོགས་དང་འཕེལ་རྒྱས་ཀྱི་འབྲེལ་ཟམ་ཡིན་ལ། འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་འབྲེལ་ཟམ་ཡང་ཡིན”ཞེས་བརྗོད།

    ཏེ་མེ་ལ་ལ་ཆུ་བོའི་ནུབ་ངོགས་སུ་ཤིང་དམར་ནགས་ཚལ་མུ་འབྲེལ་དུ་སྐྱེས་ཡོད། རྣམ་གྲངས་སྐྱོན་བྲལ་དང་། བདེ་འཇགས། ཁོར་ཡུག་བཅས་ཀྱི་ལག་རྩལ་ཆེ་མོ་བ་ཧྥུའུ་ལང་ཤིས་སི་ཡིས“ང་ཚོས་ཟམ་པ་ཇུས་འགོད་བྱེད་སྐབས་ཤིང་དམར་ནགས་ཚལ་སྟུག་ཤོས་ཀྱི་ས་ཁོངས་གཡོལ་ནས་སྐྱེ་ཁམས་ལ་གནོད་འཚེ་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད”རྣམ་གྲངས་ཇུས་འགོད་འགོ་ཚུགས་པའི་དུས་སུ“ལྗང་མདོག་འཛུགས་སྐྲུན”གནས་བབ་ཨང་དང་པོར་བཞག་ཡོད། རྣམ་གྲངས་པུས་ཨར་སྐྲུན་བྱེད་རིང་དུས་བཀག་ལྟར་ཆུའི་མ་དཔེ་དང་ས་རྒྱུ་ཞིབ་དཔྱད་ཚད་ལེན་དང་ཐལ་རྡུལ་འཇགས་ཐབས་མཐའ་འཁྱོངས་བྱས་ཤིང་། བེད་མེད་འཕྲུལ་སྣུམ་ཏུན་20གཅིག་སྡུད་ཐོག་ཚུར་བསྡུ་བྱས་པ་དང་འབྲེལ་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་དུ་མེ་སྤྱད་ནས་ལས་སྒྲུབ་བྱེད་རིགས་གཏན་འགོག་བྱས་པ་རེད། “དེ་ནི་འདམ་ར་དང་རི་སྐྱེས་སྲོག་ཆགས་ལ་འགན་འཁུར་བ་ཞིག་རེད་ལ་འབྱུང་འགྱུར་ལ་འགན་འཁུར་བ་ཞིག་དེ་བས་ཀྱང་རེད”ཅེས་ངོ་སྤྲོད་བྱས་པ་རེད།

    “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲུབ་འབྲས་དོན་འཁྱོལ་བྱེད་བཞིན་ཡོད”

    ཏེ་མེ་ལ་ལ་ཆུ་བོའི་བཞུར་རྒྱུན་ནས་ལྡོག་སྟེ་ཕྱིན་ན་ཀུའེ་ཡ་ནའི་དབུས་ཁུལ་དུ་གནས་པའི་ལིན་ཏེང་གྲོང་ཁྱེར་རེད། གྲོང་ཁྱེར་འདིར་གཏེར་རྫས་དང་ནགས་ཤིང་གི་ཐོན་ཁུངས་ཡོད་པས་དར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་འདི་གར་ལོ་50ཙམ་རིང་སྤྱད་པའི་ཕྱོགས་རྐྱང་པའི་ཟམ་པ་རྙིང་པ་དེར་བརྟེན་ནས་ཆུ་བོའི་ངོགས་གཉིས་སུ་འགྲོ་འོང་བྱེད་ཀྱི་ཡོད་པས། རླངས་འཁོར་རྒྱུན་དུ་འགག་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད།

    ད་ཆ། རྣམ་པ་དེར་འགྱུར་ལྡོག་འགྲོ་བཞིན་ཡོད། ལྕགས་ལམ་འཛུགས་སྐྲུན་རྒྱལ་སྤྱིས་སྐྲུན་འགན་ཁུར་བའི་ཤིན་མའེ་ཁིན་ཆི་ནས་ཝེ་སི་མ་བར་གྱི་ཟམ་ཆེན་ཚ་ཚ་འུར་འུང་ངང་སྐྲུན་བཞིན་ཡོད་པ་དང་། ཟམ་པ་དེ་བསྐྲུན་རྗེས་ཀུའེ་ཡ་ནའི་མཚོ་རྒྱུད་དང་སྐམ་སའི་དབུས་ཁུལ་འབྲེལ་མཐུད་བྱེད་པའི་ལྟེ་བར་གྱུར་ཏེ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།

    ཀུའེ་ཡ་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབྱང་གིས་གསར་འགོད་པར་ཀུའེ་ཡ་ན་ནི་ཅ་ལི་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་53སོང་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་ཆེ་ཆུང་ཚང་མས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ལྟ་རེས་སྐྱོང་རེས་བྱེད་པ། མཉམ་ལས་གཉིས་ཕན་བཅས་བྱེད་པའི་དཔེ་མཚོན་བཏོད་ཡོད། “ཀྲུང་ཀུའེ་ཡི་དངོས་སྒྲུབ་མཉམ་ལས་དེ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲུབ་འབྲས་དོན་འཁྱོལ་བྱེད་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།