ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཕཱ་སི་པོ་ལི་ཝེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕཱ་སི་ལ་གློག་འཕྲིན་བཏང་གནང་ནས་ཁོང་མི་རིགས་མང་བའི་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་40སོང་རིང་། ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཅིང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་པར་ཀྲུང་གོ་ཕྱོགས་ནས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ངས་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བདམས་ཐོན་བྱུང་བའི་ཙུང་ཐུང་ཕཱ་སི་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་པོ་ལི་ཝེ་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།
དེ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པོ་ལི་ཝེ་ཡའི་བདམས་ཐོན་བྱུང་བའི་ཙུང་ཐུང་གཞོན་པ་ལཱ་ལཱར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།