དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གིས་ཏང་དམངས་འབྲེལ་བ་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-26

    ངོ་གདོང་ལས་འཛུམ་མདངས་འཕྱུར་བའི་མཉམ་པར་རེ་རེ་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པའི་སྐད་ཆ་རེ་རེ་ལས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གི་ད་ཆའི་དྲོ་སྐྱིད་ལྡན་པའི་རྣམ་པ་གསར་པ་ཞིག་གྲུབ་ཡོད། ད་ལོའི་ཟླ་10པ་ནས་བཟུང་། དར་དམར་ཁྲོམ་གཞུང་གིས་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་རབ་དང་རིམ་པ་གསར་གཏོད་ངང་སྤེལ་བ་མ་ཟད། “ཞབས་ཞུ་སྒྲུབ་ཡུལ་དུ་མཉམ་པར”ལ་མོས་བསྟོད་བྱེད་སྟངས་སྔར་མེད་གསར་གཏོད་ངང་སྤྱད་པས། སྤྱི་ཚོགས་ལས་དོན་པས་རང་འགུལ་ངང་ཞབས་ཞུ་སྒྲུབ་པར་སྐུལ་མ་ཐེབས་ཡོད་ལ། དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས“མཐོང་ཐུབ་པ་དང་ཚོར་ཐུབ་པར”བྱས་ཏེ་ཏང་དམངས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ནུས་ལྡན་བཏང་ཡོད།

    བྱེད་སྒོ་སྤེལ་འགོ་བཙུགས་ཚུན། ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་5ཡི་སྤྱི་ཚོགས་ལས་དོན་པ་88ཀྱིས་དང་ལེན་ཧུར་ཐག་བྱས་ཏེ། གཞུང་ལས་ཁང་ནས་ཐོན་ཏེ་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་ཞབས་ཞུའི་འཐབ་ས་དང་པོར་ཞབས་འདེགས་ཧུར་ཐག་ཞུས་ཡོད།

    ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་སྔོན་ཆད་དང་མི་འདྲ་བ་ཞིག་ནི་སྤྱི་ཚོགས་ལས་དོན་པས་ཞབས་ཞུ་སྒྲུབ་ཐེངས་རེར་གྲོང་མིའམ་ཡང་ན་ཞབས་ཞུ་སྒྲུབ་ཡུལ་དུ“ཞབས་ཞུའི་མཉམ་པར”རེ་རྒྱག་གི་ཡོད། འདྲ་པར་ནང་གི་གྲོང་མིའི་མོས་བསྟོད་རེ་རེ་དང་བློ་ཡིད་ཚིམ་པའི་འཛུམ་མདངས་རེ་རེ་ནི་སྤྱི་ཚོགས་ལས་དོན་པའི་ལས་ཀར་མང་ཚོགས་ཀྱིས་ཐད་ཀར་ཁས་ལེན་བྱས་པ་ཞིག་རེད། གསར་གཏོད་རྣམ་པའི“མོས་བསྟོད”ལམ་སྲོལ་དེ་ནི་མངོན་མེད་འགྲན་བསྡུར་ཞིག་དང་འདྲ་བར་སྤྱི་ཚོགས་ལས་དོན་པའི་ཞབས་ཞུའི་སྤྲོ་སེམས་འཕེལ་བར་བྱས་ནས“སྤྱི་ཚོགས་ལས་དོན་པས་བློ་རྩེ་གཅིག་སྒྲིམ་གྱིས་ཞབས་ཞུ་སྒྲུབ་པ་དང་མང་ཚོགས་ཀྱིས་རང་མོས་ངང་མོས་བསྟོད་བྱེད་པའི”མཉམ་འགུལ་གྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་མ་ཐེབས་ཡོད།

    མིག་སྔའི་བར། དར་དམར་ཁྲོམ་གཞུང་གིས་རིམ་རྩིས་བརྒྱབ་ན་ཁྱིམ་གྱི་སྒོ་རྩར་ལས་དོན་སྒྲུབ་རོགས་དང་ཚབ་སྒྲུབ་ཞབས་འདེགས་ཐེངས་20ལྷག་ཙམ་ཞུས་པའི་ནང་། རྒན་རྒོན་ལ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་རོགས་དང་། སྨན་བཅོས་འགན་བཅོལ་དངུལ་འཇལ་རོགས། ཁྱིམ་མཚེས་ཀྱི་རྒྱུན་མཐོང་གི་འགལ་བ་འདུམ་འགྲིག་བྱེད་རོགས་སོགས་བྱ་བ་ཆུང་ཙག་ཡིན་ཀྱང་གལ་ཆེ་བའི་དོན་དག་ཚུད་ཡོད། དེ་དང་ཆབས་ཅིག་ཁྲོམ་གཞུང་གིས་ད་དུང་བདེ་ཐང་ཤེས་བྱའི་འཆད་ཁྲིད་དང་ཕ་མ་བུ་ཕྲུག་དབར་གྱི་ལག་འགུལ་བྱེད་སྒོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་རྣམ་གྲངས་སྒྲིག་འཛུགས་བྱས་པར་གྲོང་མི་མི་ཐེངས་200ལྷག་ཙམ་ཞུགས་པས་སྡེ་ཁུལ་གྱི་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཤུགས་ཆེན་བཏང་ཡོད།

    ཁེར་སྡོད་རྒན་རྒོན་དང་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིར་ཆ་མཚོན་ན་སྤྱི་ཚོགས་ལས་དོན་པ་ཚོས་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་དངོས་ཟོག་འཁྱེར་ནས་སྒོ་རྩར་འཚམས་འདྲིར་བསྐྱོད་དེ་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་འཚོ་བའི་སྐོར་སྐད་ཆ་དྲིས་ནས་ཏང་གི་ཐུགས་ཁུར་མང་ཚོགས་ཀྱིས་ཏན་ཏིག་ཚོར་ཐུབ་པར་བྱས་ཡོད། ཞབས་ཞུ་དེ་བས་གཏིང་ཟབ་སྒྲུབ་པ་དང་བསྟུན་ནས་གྲོང་མིའི་རྣམ་འགྱུར་ཡང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་ཞབས་ཞུ་དང་ལེན་བྱེད་པའི་ཐད་སྔོན་ཆད་ཀྱི“གཞན་སྐུལ”ནས་རིམ་བཞིན་སེམས་གཏིང་ནས“རང་འགུལ་མོས་བསྟོད”བྱེད་པར་བསྒྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་དྲོ་སྐྱིད་སྦྱིན་པའི་ཕན་འབྲས་དེ་བས་ཆེ་རུ་གཏོང་ཆེད། དར་དམར་ཁྲོམ་གཞུང་ཏང་འཛུགས་སྐྱོང་གཞུང་ལས་ཁང་གིས་གོམ་སྟབས་རྗེས་མར་མཚོན་བྱེད་རང་བཞིན་གྱི“སེམས་དྲོད་མོས་བསྟོད་ཀྱི་སྐད་ཅིག་མའི”འདྲ་པར་ཁག་གཅིག་ཞིབ་ཚགས་ངང་བདམས་ཏེ་ཁྲེང་ཀོན་ཆུས་སྤྱི་ཚོགས་ལས་དོན་གྱི་ནུས་སྤྲོད་རྟེན་གཞིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“ཉམས་འགྱུར་འགྲེམས་སྟོན་གྱང”ཞིག་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།