དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཇ་ལོ་དང་ཤིང་འབྲས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

    —— བོད་ཀྱི་ཏེང་པ་གྲོང་ཚོ་གསར་པའི་མཐོང་ཐོས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-26

    འདི་ནི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཏེང་པ་གྲོང་གསར་གྱི་ཡུལ་མིས་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞིར་ཤིང་འབྲས་སྐྱེ་འཚར་ལ་ལྟ་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྨད་གྲོང་རྡལ་ཏེང་པ་གྲོང་ཚོ་གསར་པར་བསྐྱོད་པ་ན། སྡོད་ཁང་གསར་པ་རེ་རེ་མིག་ལམ་དུ་མངོན་ལ། དེ་དག་ལ་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པའི་ཁར་དེང་རབས་ཀྱི་གཞི་རྒྱུ་ཡང་འདྲེས་ཡོད། གྲོང་ཚོའི་འགྲོ་ལམ་གཙང་ལ་ཁོད་སྙོམས་པ་མ་ཟད་སྒོ་ར་གཙང་སྦྲ་དོད་ཅིང་། ཐག་རིང་གི་ཇ་ར་གཡུ་ལྟར་སྔོ། ཉེ་སར་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་ནས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་ཞིག་མངོན།

    ཡུལ་མི་ཤིན་ཝེ་ཞ་དང་བཟའ་ཟླས་མ་རྨོས་ལོ་ཏོག་བསྡུས་ཚར་མ་ཐག་གསར་འགོད་པ་བཅར་འདྲིར་སླེབས་པ་མཐོང་སྐབས། ལམ་སེང་ཧོང་ཀྭ་དང་། སྤྲེལ་ཁམ། མ་རྨོས་ལོ་ཏོག་བཅས་ཁྱེར་ཡོང་། “བྲོ་བ་ཞིག་གཟིགས་དང་། ང་ཚོ་རང་གིས་བཏབ་པ་ཡིན” ཟོལ་མེད་ཀྱི་སྐད་ཆ་དང་ལྷད་མེད་ཀྱི་འཛུམ་མདངས་ལས་ལྷག་བསམ་རྣམ་དག་དང་སྤྲོ་སེམས་མངོན།

    ཤིན་ཝེ་ཞའི་ཁང་པ་གསར་པ་རྒྱ་ཆེ་ཞིང་དཀར་ཆ་དོད་ཅིང་། བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས་བཅས་གང་དགོས་ཚང་མ་ཡོད། རྩིག་ཟུར་དུ་ཞིང་ལས་ཡོ་བྱད་གྲལ་འགྲིག་པོའི་ངང་བཞག་ཡོད་པ་དང་། སྒོའི་ཕྱི་རོལ་ཏུ་སྦག་སྦག་དང་ཐོ་ཕྲུག་བཞག་འདུག “ཁང་པ་འདི་ས་ཡོམ་འགོག་ཐུབ་ལ་རྒྱ་ཆེ་ཞིང་བདེ་འཇགས་ལྡན་པ་ཞིག་ཡོད”ཅེས་ཤིན་ཝེ་ཞ་ཡིས་ངོ་གདོང་ལས་སྐྱིད་པའི་འཛུམ་མདངས་མངོན་བཞིན་བཤད། འོན་ཀྱང་ལོ་འགའི་སྔོན་ཁོང་ཚོ་རི་གསེབ་ཀྱི་གྲོང་ཚོ་རྙིང་པར་བསྡད་ཡོད་པ་དང་། མི་ཕྱུགས་མཉམ་སྡོད་ཡིན་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཡོང་འབབ་ཀྱང་ཉུང་ཉུང་ལས་མེད།

    གོ་སྐབས་ནི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ལག་བསྟར་བྱས་པ་ལས་བྱུང་ཞིང་། 2018ལོར་ཏེང་པ་གྲོང་ཚོ་ཧྲིལ་པོ་ད་ལྟའི་གནས་ཡུལ་དུ་སྤོས་པ་དང་། ཁང་པ་གསར་པ་བསྐྲུན་པར་རྒྱལ་ཁབ་ཀྱི་ཁ་གསབ་ཡོད་པ་མ་ཟད། ད་དུང་ཆུ་དང་། གློག ལམ། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བར་བཀོད་སྒྲིག་བྱས་ཡོད། མཐའ་མཚམས་ཀྱི་ཁ་གསབ་སྤྲད་པ་དང་སྐྱེ་ཁམས་ནགས་སྲུང་བའི་ལས་གནས་མཁོ་འདོན་བྱས་པ་དང་ལྷག་པར་དུ་ཇ་ལོ་དང་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དེས་ཏེང་པ་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་མངོན་འགྱུར་བྱུང་བ་རེད།

    “ས་ཆ་འདི་རྒྱང་ཐག་རིང་ནའང་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཡོངས་སུ་མྱོང་ཐུབ”ཅེས་ལོ་45ལ་སླེབས་པའི་གྲོང་མི་ལོ་རི་ལུང་གིས་སྐད་གསང་མཐོ་པོས་བཤད། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཆ་གྲོང་ཚོའི་ནང་ཚད་གཞི་མཐོ་བའི་སྤྲེལ་ཁམ་ར་བ་མུའུ་320དང་རི་མཐོའི་ཇ་ར་མུའུ་150ཡོད་པར་བརྟེན། གྲོང་མི་ཚང་མར་ལོ་གཅིག་གི་དུས་ཚིགས་བཞི་ལ་ལས་ཀ་ལས་རྒྱུ་ཡོད་པས་དུད་ཁྱིམ་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་5ལས་བརྒལ་ཡོད།

    ཁྱད་ལྡན་འདེབས་འཛུགས་ལས་ཏེང་པ་བའི་འཚོ་བར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། “ཀུང་སི་དང་ཞིང་དུད་ཟུང་འབྲེལ”གྱི་བྱེད་སྟངས་ལ་བརྟེན་ནས་ཐོན་ལས་རྟེན་གཞིར་གྲོང་མི་རྣམས་གླ་པ་བརྒྱུགས་ནས་ལག་རྩལ་སྦྱོང་བ་དང་ཁྱིམ་དུ་ལོག་ནས་རང་འགུལ་ངང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ། “གླ་པ་བརྒྱུགས་ནས་ལག་རྩལ་སྦྱོང་བ་དང་རང་བརྟེན་འདེབས་འཛུགས་བྱེད་པའི”འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་པ་རེད།

    “རྟེན་གཞིར་ལོ་གསུམ་ལས་ཀ་བྱས་རྗེས། ངས་ཡལ་བཞུར་རྒྱག་པ་དང་། ལུད་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས་བཅས་ཀྱི་ལག་རྩལ་ཆ་ཚང་ཤེས་བྱུང”ཞེས་ཞུང་ཝེ་ལུང་གིས་ཇ་ལོའི་རིམ་པ་དབྱེ་བཞིན་དེ་ལྟར་བཤད། ཁོང་ཁྱིམ་གྱིས་ཇ་ར་མུའུ་10འགན་གཙང་བླངས་པ་མ་ཟད། ད་དུང་ལག་རྩལ་པའི་མཛུབ་ཁྲིད་འོག་སྤྲེལ་ཁམ་སྡོང་པོ་བཙུགས་པ་དང་ན་ནིང་ཇ་ལོ་ཁོ་ནར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། ཁོང་བློ་ཡིད་འཚིམ་པ་ཞིག་ལ་རང་ཁྱིམ་གྱི་སྤྲེལ་ཁམ་ཐོན་འབབ་ལེགས་པས་ལོ་དེ་རང་ལ་ཡོང་འབབ་སྒོར་ཁྲི་2འཕར་ཡོད་པ་རེད།

    ལག་རྩལ་གྱིས་འགྱུར་ལྡོག་བཏང་བ་ནི་ཡོང་འབབ་ཁོ་ན་མ་ཡིན་པར་ད་དུང་ཐོན་སྐྱེད་ཀྱི་འདུ་ཤེས་ཀྱང་རེད། ཟླ་རེའི་ཚེས་15ཉིན་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་གསོ་སྦྱོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཞིང་། ཇ་ཤིང་ཡལ་བཞུར་རྒྱག་པ་དང་སྐྱེ་ལྡན་ལུད་རྒྱག་ནས་ཤིང་ཏོག་གི་རིམ་པ་དབྱེ་བ་དང་དྲ་ཐོག་ཕྱིར་འཚོང་བྱེད་པའི་བར་གྱི་ཤེས་བྱ་གྲོང་མི་ཚོས་ནན་ཏན་ངང་ཟིན་བྲིས་འདེབས་ཀྱི་ཡོད། “ན་ནིང་འབྱུང་འཕྲོད་སྔོན་འགོག་ལག་རྩལ་སྦྱངས་ཏེ། ངས་ཤིང་འབྲས་ར་བའི་ནང་ཞིང་སྨན་ཉུང་དུ་བཏང་བས་ཤིང་ཏོག་བྲིན་ཁ་རྒྱུག་པོ་བྱུང་སོང”ཞེས་ཏེང་པ་གྲོང་ཚོ་གསར་པའི་གྲོང་མི་ཀྲང་ལུང་གིས་འཛུམ་མུལ་མུལ་ངང་བཤད།

    ཐོན་ལས་དར་རྒྱས་ལས་མཐའ་མཚམས་གྲོང་སྡེ་དེར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད་ཅིང་། 2024ལོར་གྲོང་ཚོ་གསར་པའི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་96.37ཟིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་32279ཟིན་ཡོད། དགའ་བའི་འཛུམ་མདངས་དང་ཤིང་འབྲས་ར་བ་རེ་རེ་ལས་འགྱུར་ལྡོག་མངོན་ཡོད་ལ། གདེང་ཚོད་དང་བྲེལ་བརྩོན་གྱི་གཟུགས་བརྙན་རེ་རེའི་ཁྲོད་ནས་ཀྱང་ལྷག་པར་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།