དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ནུས་རྒྱུ་གཙང་མ་འདྲེན་སྤྱོད་ལ་སླར་ཡང་ཚད་བརྒལ་གསར་པ་བྱུང་བ།

    མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭས་གློག་འདོན་ནུས་ཚད་ཆེ་ཤོས་ཀྱི་ཐོག་ནས་གློག་ཕྱིར་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-26

    ཉེ་ཆར། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་འགག་རྩའི་དུས་ཚིགས་སུ་སླེབས་ཤིང་། དུས་ཡུན་ཉིན་5ཡི་ཆན་ཝ་ཁྲི་120ཡི་གློག་འདོན་ནུས་པ་ཆེ་ཤོས་ཐོག་ནས་གློག་ཕྱིར་གཏོང་གི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་མ་ཟད།“ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས”གཉིས་བཏོད་ཡོད་པ་སྟེ། ཉིན་རེར་གློག་འདོན་ཚད་ཆེ་ཤོས་ཆུ་ཚོད་ཆན་ཝ་ཁྲི་7000ལྷག་ཙམ་ཟིན་པ་དང་ཉིན་རེར་གློག་ཕྱིར་གཏོང་བྱེད་ཚད་ཆེ་ཤོས་ཆུ་ཚོད་ཆན་ཝ་ཁྲི་2500ཙམ་ཟིན་པ་དེ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གློག་ཕྱིར་གཏོང་ནི་མཚོ་བོད་ཐད་རྒྱུག་འདྲེན་ལམ་གཙོ་བོར་བྱས་པ་དང་། ཆིང་ཏུང་ཐད་རྒྱུག་དང་ཀྲའོ་དབྱི་ཐད་རྒྱུག་མཉམ་དུ་ཤུགས་བཏོན་ནས་མཐར་དུས་ཡུན་རིང་འབྲིང་གི་ཉོ་ཚོང་ཁག་གཉིས་བྱུང་བ་སྟེ། གློག་གཏོང་བསྡོམས་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་0.6དང་། གློག་གཏོང་ནུས་པ་ཆེ་ཤོས་ཆུ་ཚོད་ཆན་ཝ་ཁྲི་74ཟིན་ཞིང་། བོད་ཀྱི་ཆུ་གློག་དང་ནུས་རྒྱུ་གསར་པའི་གློག་གཏོང་ཁེ་ལས་62ཚང་མ་དེའི་ནང་ཞུགས་ཡོད་པ་རེད། པེ་ཅིང་དང་ཐེན་ཅིན་གྱིས་ཆེད་མངགས“ལྗང་མདོག་གློག་ཤུགས”ཀྱི་རྣམ་པའི་ཐོག་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་0.12ཟིན་པའི་བོད་ཀྱི་ནུས་རྒྱུ་གཙང་མ་བསྡུ་ལེན་བྱས་པ་དེ་ཐོག་ནས་གློག་ཤུགས་གཙང་མའི་རིན་ཐང་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་ད་ཐེངས་གློག་ཕྱིར་གཏོང་བྱས་པ་ལས་ད་དུང་བོད་ཀྱི་ནུས་རྒྱུ་གཙང་མ་ཕྱིར་གཏོང་བར“ཐབས་ལམ་སྣ་མང”བཏོད་ཡོད། ཁེ་ལས་62ཞུགས་པའི་དུས་ཡུན་རིང་འབྲིང་གི་ཉོ་ཚོང་ཕུད། དུས་འགོར་ད་དུང་ཆུ་ཤུགས་གློག་ཁང་དང་། འོད་ཤུགས་གློག་ཁང་། རླུང་ཤུགས་གློག་ཁང་བཅས་18ལག་ཡོད་དངོས་ཟོག་ཉོ་ཚོང་ནང་ཞུགས་ཡོད་པ་རེད། འགྲོ་ལམ་གྱི་གློག་གཏོང་ནུས་པ་ཆེ་ཤོས་ཟིན་པའི་གློག་གཏོང་ནུས་པ་དང་ཉོ་ཚོང་བྱེད་སྟངས་གཉིས་དབར་མཉམ་ཤུགས་ཤིག་ཆགས་ནས་བོད་ཀྱི་ནུས་རྒྱུ་གཙང་མ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    “མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭར་གློག་གཏོང་ནུས་ཆེ་ཤོས་ཟིན་ནས་གློག་ཕྱིར་གཏོང་ཐུབ་པ་དེས་བོད་ཀྱི་ནུས་རྒྱུ་གཙང་མ་ལྷག་མ་དག་ལྗོངས་ཕྱིར་བདེ་བླག་གཏོང་ཐུབ་པ་མ་ཟད། བོད་ཀྱི་གློག་ཤུགས་ཐད“བེད་སྤྱོད་དཀའ་བའི”གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་པ་དང་ཆབས་ཅིག ཆུ་སྐམ་པའི་དུས་ཀྱི་གློག་ཤུགས་མཁོ་འདོན་ལའང་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བོད་ལྗོངས་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།