དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རླུང་བརྟེན་རླབས་གཤགས། འགོག་མེད་མདུན་སྐྱོད།

    —— རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-26

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་རེད། ད་ལོ་ཚུན་དུ། རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་དམ་འཛིན་ནན་པོ་བྱས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ། གཙོ་གནད་ལས་གྲྭ་དོན་འཁྱོལ་མགྱོགས་པོ་བྱེད་པ་བཅས་ལ་སྐུལ་འདེད་བཏང་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་ཞིང་གསོན་ཤུགས་རབ་ཏུ་རྒྱས་ཡོད།

    ཞབས་ཞུ་ལེགས་སུ་བཏང་ནས་རྒྱུན་མཐུད་མཐུན་རྐྱེན་སྦྱར་བ།

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་ཧའེ་ལུའོ་ཨར་འདམ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་རྩལ་སྒྲིག་ཆས་རེ་རེ་ནུས་ཆེའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀུང་སིས་ལོ་ལྟར་བཟོ་རྩལ་སྒྲིག་ཆས་གསར་པ་བེད་སྤྱོད་གཏོང་གི་ཡོད་པ་དང་། སྒྲིག་ཆས་གསར་པ་བརྗེས་རྗེས། ཐོན་ཁུངས་བེད་སྤྱོད་བྱེད་ཚད་དེ་བས་མཐོ་བ་དང་ནུས་རྒྱུའི་ཟད་གྲོན་དང་ཀུང་སིའི་ཐོན་རྫས་ཀྱི་མ་གནས་དེ་བས་དམའ་རུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་གཞིགས་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་ཨར་འདམ་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད(2024ལོ་ནས་2030ལོ་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་ཆིང་དབྱང་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད(2024ལོ་ནས་2030ལོ་བར)》ཁྱབ་བསྒྲགས་བྱས་པ་དང་།《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》དང་། དེ་བཞིན་ལོ་འཁོར་གྱི་སྙན་ཞུའི་ཕྱོགས་སྟོན་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ལག་བསྟར་ཇུས་གཞི》 《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་གི་གློག་རྫས་ཚུར་བསྡུ་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་དོ་དམ་བྱ་ཐབས》ལ་སོགས་བཏོན་ཡོད།

    2025ལོའི་ལྗོངས་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་འགན་སྲུང་གི་ཆེད་དོན་ཚོགས་འདུའི་ཐོག ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་བོད་ལྗོངས་པའེ་དབྱིན་རྒྱལ་སྤྱིའི་ཟོག་འགྲེམས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཙེ་ཅིན་ཟོག་འགྲེམས་ཚད་ཡོད་ཀུང་སིའི་དབར་མཉམ་ལས་ཀྱི་འདོད་མཐུན་བཞག་པ་མ་ཟད། ཟོག་འགྲེམས་ཁེ་ལས་གཉིས་དང་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་50ཟིན་པའི《སྐྱེལ་འདྲེན་ནུས་པ་དང་སྐྱེལ་འདྲེན་བྱེད་ཚད་ཕན་ཚུན་འགན་ལེན་གྱི་གན་རྒྱ》དང་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་45ཟིན་པའི《སྐྱེལ་འདྲེན་ནུས་པ་དང་སྐྱེལ་འདྲེན་བྱེད་ཚད་ཕན་ཚུན་འགན་ལེན་གྱི་གྲོས་མཐུན》བཞག་ནས། ས་མཐོའི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་དབོར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    དེ་དང་ཆབས་ཅིག བོད་ཀྱིས་ཁེ་ལས་ཀྱི་རྩིས་ཐོ་འགྱངས་ཆད་གཙང་བཤེར་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་གཉེར་སྐྱོང་དཀའ་གནད་ཞི་ལྷོད་དུ་གཏོང་བ་དང་ཁེ་ལས་ཀྱི་་དཀའ་ངལ་སེལ་རོགས་བྱས་ཡོད། ད་ལོའི་ལོ་སྟོད་དུ་ཆེད་དོན་བྱ་སྤྱོད་དང་སྤྱི་ཚོགས་ཐོག་ཞུ་གཏུག་བྱེད་པའི་གནད་དོན་ཁག་28འདུམ་འགྲིག་བྱས་པ་དེ་དག་མ་དངུལ་སྒོར་ཁྲི་8070དང་འབྲེལ་བ་ཡོད་པ་རེད།

    ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

    གཞིས་རྩེ་གྲོང་ཁྱེར་ལ་བོད་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ལྡན་ཞིང་། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ནས་ཐོན་སྐྱེད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཐོན་འབབ་བསྡོམས་འབོར་བརྟན་ཐོག་ཡར་འཕེལ་བྱུང་བ། ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།

    དེ་ནི་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་དང་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པ་སོགས་དམིགས་ཚད་ལ་གཞིགས་ཏེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་ཅན་ལ་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    སྟབས་བདེ་བའི་འགྲིམ་འགྲུལ་དྲ་རྒྱ་དང་། གཙང་སྦྲ་དོད་པའི་རང་བྱུང་འབྲོག་ར། སྐད་གྲགས་ཆེ་བའི་འདམ་གཞུང་འབྲི་གཡག་གི་སྤུས་རྟགས་སོགས་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་ཁེ་གཙང་གི་རྫོང་འབའ་ཞིག་ཡིན་པའི་འདམ་གཞུང་རྫོང་གིས“ཁྱིམ་ཚང་འབྲོག་ར་དང་དེང་རབས་ཅན་གྱི་གསོ་ཚགས་ཟུང་དུ་འབྲེལ་བའི”འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད། ཀོ་ཁྱིམ་གྲོང་ཚོའི་འདམ་གཞུང་ས་གཙང་འབྲོག་རར་འབྲི་གཡག་དང་གཟན་རྩྭར་ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་ཐོབ་པ་མ་ཟད། “ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་ཁུངས་འདེད་མ་ལག་བཙུགས་ཡོད། ཐོབ་ཐང་ལག་ཁྱེར་ཡོད་པའི་རྒྱལ་ཁབ་རིམ་པའི་ས་ཁམས་མཚོན་རྟགས་ཀྱི་ཚགས་ཤ་དེ་རིགས་ལ་ལོ་རེར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་600ལྷག་ཙམ་ཟིན་པའི་ཁར“ཐད་གཏོང་ཟོག་འཚོང”གི་བྱེད་ཐབས་གསར་པ་ལས་དེ་གའི་འབྲོག་པ་རྣམས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་92.80ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རིམ་རྩིས་བརྒྱབ་ཚེ་དུས་མཚུངས་ལས་12.4%འཕར་བ་དང་། སྔོ་ཚལ་ཐོན་འབབ་ཏུན་ཁྲི་19.59ཟིན་ནས་17.4%འཕར་བ། ཤ་སྒོང་དང་འོ་མའི་ཐོན་འབབ(འོ་མ་སོས་པ་མ་གཏོགས་ཚུད་མེད)ཏུན་ཁྲི་27.36ཟིན་ནས་14.3%འཕར་བ། ཕག་ཤ་དང་། ཚགས་ཤ། ལུག་ཤ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་4.81ཟིན་ནས་19.2%འཕར་བ། ཕག་པ་དང་། འབྲི་གཡག ལུག་བཅས་མགོ་གྲངས་ཁྲི་89.51བཤས་བཏང་ནས་22.7%འཕར་ཡོད།

    མ་འཇོག་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་རྒྱ་སྐྱེད་བཏང་བ།

    མ་འཇོག་ནི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི“གསུམ་སྦྲེལ་ཐེར་གའི”གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ཏེ། ནུས་ལྡན་མ་འཇོག་མུ་མཐུད་རྒྱ་ཆེར་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་བྱས་པའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་མཉེས་ཐང་ཟམ་ཆེན་རྣམ་གྲངས་སྐྲུན་ཡུལ་དུ་འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་སྣ་ཚོགས་ཀྱི་ལྡིར་སྒྲ་གྲགས་པ་དང་ལས་མི་ཚོས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.94བཏང་བའི་མཉེས་ཐང་ཟམ་ཆེན་གྱིས་ལྷ་ས་སྐྱིད་ཆུ་འཕྲེད་བཅད་བཏང་བས། ཟམ་པ་སྐྲུན་ཟིན་རྗེས་གནམ་ཐང་དུ་སྐྱོད་སའི་མྱུར་བགྲོད་གཞུང་ལམ་དང་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་དེ་མཉེས་ཐང་བཟོ་ལས་གླིང་ཁུལ་དང་སྦྲེལ་མཐུད་ཐུབ་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད།

    རྨང་གཞི་བཏིང་བ་དང་། ཕུགས་ལ་ཕན་པ། རྗེས་ཤུགས་འཕེལ་བ་བཅས་ཀྱི་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བ་དེས་འབྱུང་འགྱུར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་24.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།