རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་བསམ་འཆར་བསྡུ་བའི་སྐོར་ལ།
ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་སྐོར་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་དམིགས་ཚད་གཞི་རྩར་འཛིན་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་སྟངས་འཛིན་གཏིང་ཟབ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀུའོ་ལེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁོང་ཚོས་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་བསམ་གཞིག་ལ་མོས་མཐུན་གནང་བ་མ་ཟད། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ།ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། འཛད་སྤྱོད་འཁོར་འབྲེལ་བཅས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་པ། ནུས་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམངས་གཙོ་དར་སྤེལ་དང་། བློ་བསྡུས་དགེ་འཚོལ། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཉན་པ་བཅས་བྱེད་པ་ནི་ཀྲུང་གུང་ཀྲུང་དབྱང་གིས་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་ཡིག་ཆ་གལ་ཆེན་བཟོ་བའི་ཐད་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་བྱ་ཐབས་དང་སྲོལ་རྒྱུན་བཟང་པོ་ཞིག་ཡིན། གྲོས་འགོའི་མ་ཟིན་གྱི་འཆར་ཟིན་འགོད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། ཀྲུང་གུང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྒྲིག་འཛུགས་བྱས་པ་མ་ཟད། སྤྱི་ཚོགས་ཡོངས་སུ་དྲ་ཐོག་ནས་བསམ་འཆར་བསྡུ་བའི་བྱེད་སྒོ་སྤེལ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་དམིགས་ཚད་བླང་བྱར་གཞིགས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་འཐབ་ཇུས་ལས་འགན་དང་བསམ་ཕྱོགས་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འཇུར་མིག་དང་འགོག་རྐྱེན་མེད་པར་བཟོ་བ། ཞན་ཆ་དང་ཆད་སྐྱོན་སེལ་བ་བཅས་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་ཇུས་འགོད་བྱས་ཏེ། འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་པ་དང་ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་དུས་བབ་ལ་རྗེས་སྙེག་དམ་ཟབ་དང་ཞིབ་འཇུག་དང་བརྡར་ཤ་གནད་སྨིན་བཅད་དེ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱས་ནས། འཐབ་ཇུས་ཀྱི་རང་འགུལ་ལ་སྟངས་འཛིན་ནན་པོ་བྱེད་དགོས། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཤར་བགྲོད་ཐུབ་པ། ཉེན་ཁ་སྔོན་འགོག་ཡག་པོ་དང་སེལ་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་མཉེན་གཤིས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་སྐྱོར་ཞིག་རེད། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་ལེགས་ཆ་བཏོན་ནས་འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་དམིགས་པ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་གཞི་གཅིག་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། རང་བརྟེན་གསར་གཏོད་དང་ལྷག་པར་དུ་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། འགག་རྩ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་འགག་སྒྲོལ་ཧུར་ཐག་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་བཅས་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་རེད། མི་དམངས་ལ་བདེ་རྩ་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ལ་བརྩིས་ནས། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་ཁོངས་ཀྱི་དཔལ་འབྱོར་བཀོད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁ་ཡོད་ལག་ཡོད་ཀྱི་བྱ་ཐབས་ཞིབ་ཕྲ་དེ་བས་མང་ཙམ་སྤྱད་དེ་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ། བཅོལ་གསོ་སོགས་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཧུར་ཐག་སྐོང་དགོས།
ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཏོན་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་གཏིང་ཟབ་མུ་མཐུད་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་ལ་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་བཏོན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།