ཀུན་ཕན་བུ་བཅོལ་ལས་ཁྱིམ་ཚང་མང་པོའི་ཐོབ་སྣང་ཆེ་རུ་ཕྱིན་པ།
“ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བུ་བཅོལ་གྱི་རྒྱབ་སྐྱོར་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལོ་0ནས་6བར་གྱི་ཕྲུ་གུ་གསོ་སྐྱོང་ཞབས་ཞུའི་ཐོན་ཁུངས་ལ་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་། ཐབས་ལམ་མང་པོ་ནས་ནོར་ཤུགས་ཀྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ནོར་ཤུགས་ཀྱིས་འབྲེལ་ཡོད་སྤྱི་པའི་ཞབས་ཞུར་རྒྱབ་སྐྱོར་མང་ཙམ་བྱེད་དགོས”
—— 2023ལོའི་ཟླ་5ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ནན་བཤད་གནང་དོན། ཕྲུ་གུ་ལོ་གསུམ་ལ་མ་སླེབས་པའི་བར་སུས་ཉར་གྱི་ཡོད་དམ། དོན་དངོས་ཀྱི་ཚོད་བགམ་དེ་ན་གཞོན་ཁྱིམ་བདག་མང་པོར་འཕྲད་ཡོད།
“བུ་བཅོལ་ལས་བྱུང་བའི་སྐྱིད་སྣང་མང་པོ་ཡོད་པ་སྟེ། གཅེས་ཕྲུག་དགའ་པོ་བྱུང་ན། ང་ཚོ་དང་རྒན་རབས་བློ་བདེ་པོ་འདུག”90ནང་སྐྱེས་ཀྱི་གཞོན་ནུ་ཞིག་གིས་སྤྱི་ཚོགས་འབྲེལ་འདྲིས་ལས་སྟེགས་ནས་ཕྲུ་གུ་ཉར་བའི་ཟིན་བྲིས་མཉམ་སྤྱོད་བྱས་པར་གཞོན་སྐྱེས་ཕ་མ་མི་ཉུང་བ་ཞིག་ལ་བསམ་ཚུལ་གཅིག་མཐུན་བྱུང་ཡོད།
སྡེ་ཁུལ་དུ་བཅོལ་གནས་མང་དུ་བཏང་བ་དང་། བུ་བཅོལ་ཁང་དུ་བཅོལ་གསོའི་འཛིན་གྲྭ་གཉེར་བ། ནོར་སྲིད་ཀྱི་ཁ་གསབ་མང་དུ་བཏང་བ་སོགས་ཉེ་བའི་ལོ་འགའི་རིང“ཕྲུ་གུ་ཉར་དཀའ་བར”དམིགས་པའི་ཀུན་ཕན་བུ་བཅོལ་སྲིད་ཇུས་མང་པོ་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་བ་དང་། ཁྱིམ་ཚང་སྔར་ལས་མང་པོར་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་བྱུང་ཡོད།
རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡིན་པ་དང་ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་ཡིན།
རྒྱལ་སྐྱོང་སྲིད་འཛིན་གྱི་རྒྱུགས་ཤོག་ངོས་སུ་བྱིས་པ་སྐྱོང་མཁན་ཡོད་པའི་ཐད་ཀྱི་དྲི་བར་ལན་ཡག་པོ་བཏབ་ཡོད་མེད་དང་། ཁྱིམ་བདག་གི་སེམས་ཁྲལ་ནུས་ལྡན་ངང་སེལ་ཐུབ་མིན་ནི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་ལ། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བ་དང་དེ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་དེ་བས་ཡོད།
“ཕྲུ་གུར”གཅེས་སྐྱོང་ཡག་པོ་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཟབ་མོ་གནང་གི་ཡོད།
ལེའོ་ཉིང་ཧྲེན་དབྱང་གྲོང་ཁྱེར་ཏུའོ་ཧྥུའི་སྡེ་ཁུལ་དང་། ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་པེ་ཀྲན་སྡེ་ཁུལ་གྱི་བྱིས་པའི་ཁྱིམ་གཞིས། མཚོ་སྔོན་རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་གྲོང་ཚོ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། ཕྲུ་གུ་འཕྲད་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་རྟག་ཏུ་ཐུགས་བརྩེ་བ་ཟབ་མོས་པང་དུ་ཉར་བ་དང་། ལག་ཆུང་ལ་འཇུ་བ། ངོ་གདོང་ལ་བྱིལ་བྱིལ་བཅས་གནང་ནས་བརྩེ་བ་ཟབ་མོ་གནང་ལུགས་མངོན་གྱི་ཡོད།
“མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། ངས་བཏོན་པའི་ཐ་སྙད་གསར་པ་དང་བླང་བྱ་གསར་པ་ཞིག་ཡིན” 2023ལོའི་ཟླ་5ཚེས་5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་བ་རེད།
རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་དུས་བབ་གསར་པའི་འཐབ་ཇུས་ཀྱི་བསམ་གཞིག་ལ་གཞི་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག་ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་ཁ་གསལ་བཏོན་གནང་ཡོད།
“ཤུགས་ཆེན”ཞེས་པའི་ཡིག་འབྲུ་གཉིས་ལས་རྒྱལ་ཁབ་ཀྱིས་དམངས་འཚོའི་དོན་དངོས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པ་དང་། བྱིས་པར་སྐྱོང་མཁན་ཡོད་པའི་ཐད་ཀྱི་སྤྱི་ཚོགས་ཀྱི་རེ་བ་ཟབ་མོ་དང་ཡང་མཐུན་ཡོད།
“ཁུལ་ཆུང་དུ་བཅོལ་གསོའི་འཛིན་གྲྭ་གསར་པ་བཙུགས་འདུག”ཅེས་པའི་གནས་ཚུལ་ལ་སྡེ་ཁུལ་གྱི་གྲོང་མི་རྣམས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱས། “ལོ་ན་ག་ཚོད་ལ་བུ་བཅོལ་ཁང་དུ་གཏོང་ཆོག་གམ” “ཟླ་རེར་དངུལ་ག་ཚོད་རེད” “དགེ་རྒན་གང་འདྲ་འདུག”ཅེས་སོགས་གླེང་བཞིན་འདུག
གྲངས་གཞི་ལས་མངོན་པར། རང་རྒྱལ་དུ་ལོ་3མན་གྱི་ཕྲུ་གུ་ཁྲི་3000ཙམ་ཡོད་པ་དང་ཕྲུ་གུའི་ཁྱིམ་ཚང་བཅུ་ཆ་གསུམ་ལྷག་ཙམ་ལ་བུ་བཅོལ་གྱི་དགོས་མཁོ་ཡོད་ཅིང་། ཉེར་མཁོ་དང་། གོ་ཆོད། སྤུས་ལེགས་བཅས་ཀྱི་བུ་བཅོལ་ཞབས་ཞུ་ནི་གཞོན་སྐྱེས་ཕ་མ་མི་ཉུང་བའི་འཕྲལ་མཁོ་རེད།
གྲངས་གཞི་དུ་མ་ལས་བུ་བཅོལ་མཁོ་སྤྲོད་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་ར་སྤྲོད་ཐུབ་པ་སྟེ། 2024ལོར་རྒྱལ་ཡོངས་ཀྱི་བཅོལ་གནས་ཁྲི་573.7ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་126%འཕར་བ་དང་། བུ་བཅོལ་ཞབས་ཞུ་རྫོང་རིམ་པར་ཁྱབ་ཚད་98.5%ཟིན་ནས་བཅོལ་གནས་ཀྱི་གྲངས་འབོར་ལོ་གསུམ་བསྟུད་མར་འཕར་ཚད་20%ལས་བརྒལ་ཡོད། ད་ལོ་མི་འབོར་སྟོང་རེར་བཅོལ་གནས་4.5བྱུང་ནས་ཀུན་ཕན་རང་བཞིན་གྱི་བཅོལ་གནས་ཁྲི་66འཕར་རྒྱུ་རེད།
འགྲོ་གྲོན་ཉུང་དུ་བཏང་ནས་བུ་བཅོལ་གཉེར་སྐྱོང་དང་ཁྱིམ་ཚང་གི་གསོ་སྐྱོང་མ་གནས་དམའ་རུ་བཏང་བ།
བུ་བཅོལ་ཞབས་ཞུ་དེ་དམངས་འཚོའི་རྣམ་གྲངས་དངོས་ནང་འཇུག་པ་དང་། བུ་བཅོལ་སྒྲིག་གཞིའི་ཆུ་དང་། གློག དྲོད་བཅས་ལ་དམངས་སྤྱོད་རིན་གོང་ལག་བསྟར་བྱེད་པ་དང་འབྲེལ་ཡོད་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་བཏང་ཞིང་། མིག་སྔར། རྫོང(གྲོང་ཁྱེར་དང་ཆུས)1300ལྷག་ཙམ་གྱིས་རྒྱབ་སྐྱོར་སྲིད་ཇུས་ཞིབ་ཕྲ་བཏོན་པའི་ནང་འཛུགས་སྐྲུན་དང་། གཉེར་སྐྱོང་ཁ་གསབ། བུ་བཅོལ་གྱི་འཛད་སྤྱོད་འཛིན་ཤོག་སོགས་སྣ་ཚོགས་ཚུད་ཡོད།
དངོས་དངོས་རྗེན་རྗེན་གྱི་ཕན་བཏགས་པར་བརྟེན་ནས“མིར་མ་འཇོག་བྱེད་པའི”དྲོ་སྐྱིད་ཚོར་བར་བྱས་ཤིང་། བུ་བཅོལ་ཞབས་ཞུའི་དམངས་ཕན་རྣམ་པ་སྔར་བས་མངོན་གསལ་དོད་པོ་ཡོད་པ་རེད།
བུ་བཅོལ་ཐུབ་པ་དང་བུ་བཅོལ་ཡག་པོ་ཡོང་བའི་ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་དམིགས་ཚད་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་ཞབས་ཞུས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད།
《ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང་བཏོན་དོན། 2030ལོར། རྒྱབ་སྐྱོར་དང་འགན་སྲུང་གི་སྲིད་ཇུས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་བཙུགས་ཀྱི་བཅོལ་གནས་མངོན་གསལ་དོད་པོས་མང་དུ་གཏོང་བ། བུ་བཅོལ་ཞབས་ཞུའི་ནུས་པ་དང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། ཁྱིམ་ཚང་གི་བུ་བཅོལ་མ་གནས་དམའ་རུ་ནུས་ལྡན་གཏོང་བ་བཅས་བྱ་རྒྱུ་རེད།
ཟླ་10ཚེས་2ཉིན་བར། རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། བུ་གསོའི་ཁ་གསབ་རེ་ཞུའི་ཆ་འཕྲིན་2881.4བསྐྱལ་བའི་ནང་ཁྲི་1555.3གཏན་འཁེལ་བྱས་ཡོད། ལས་སྒྲུབ་ཉིན་མོ་30ཡི་ནང་ཞིབ་བཤེར་ལེགས་གྲུབ་བྱས་ནས་དུས་ཚིགས་རེར་གཅིག་སྡུད་ཐོག་ཁག་གཅིག་སྤྲད་པ་དང་། ས་གནས་ཁག་གིས་མ་དངུལ་གཏོང་སྤྲོད་ལ་དམ་འཛིན་བྱས་ཏེ། འགན་སྲུང་དུས་ཐོག་དང་གྲངས་ཚང་ཐུབ་པའི་འགན་ལེན་བྱས་ཡོད།
བུ་བཅོལ་གྱི་ལས་དོན་ལེགས་པར་བསྒྲུབས་ཤིང་། ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་བྱུང་ཚེ་གཞོན་ནུའི་མི་རབས་ཀྱི་སེམས་ཤུགས་འཕེལ།
ལོ་3མན་གྱི་ཕྲུ་གུ་དང་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་པའི་མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཟུར་སྣོན་འཐེན་པའི་ཚད་གཞི་དེ་ཕྲུ་གུ་རེར་ཟླ་རེར་སྒོར་1000ནས་སྒོར་2000བར་འཕར་བ། ཀྲུང་དབྱང་ནོར་སྲིད་ཀྱིས་སྔོན་རྩིས་སྒོར་དུང་ཕྱུར་900ཙམ་བཀོད་སྒྲིག་བྱས་ནས་ཕྲུ་གུ་ལོ་གསུམ་བར་ཕྲུ་གུ་རེར་ལོ་རེར་བུ་གསོའི་ཁ་གསབ་སྒོར་3600སྤྲོད་རྒྱུ་དང་། དེ་ནས་སློབ་ཡོན་མི་དགོས་པར་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་བཏང་སྟེ། སྲིད་ཇུས་ཀྱི་ནུས་པ་གང་ཡོད་བཏོན་ནས་ཁྱིམ་ཚང་གི་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་ཁུར་པོ་ཡང་དུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡོད།
“ཁྱིམ་ཚང་དྲོ་སྐྱིད་ལྡན་ན་དངོས་གནས་སྐྱིད་པོ་རེད”“ཁྱིམ་ཚང་གི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་པ་དང་ཆབས་ཅིག་མི་འབོར་འཕར་བ་དངོས་གནས་ཡག་པོ་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་བས་ཁྱིམ་ཚང་ཆུང་ངུ་ཚང་མར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།
བབ་ཆགས་པའི་དམིགས་ཚད་དང་དོན་དངོས་ཀྱི་བྱ་སྤྱོད། སྲིད་ཇུས་ཀྱི་གཟིགས་སྐྱོང་དང་། ཞབས་ཞུའི་གསལ་ཐོ། ཁ་གསབ་རོགས་དངུལ་གྱི་རྩིས་ཐོ་བཅས་ན་གཞོན་ཕ་མའི་བདེ་སྐྱིད་གསལ་ཐོར་གྱུར་ཚེ། བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་མངོན་གསལ་དོད་དུ་འགྲོ་ཐུབ་ལ། དེ་རིང་བདག་སྐྱོང་བྱས་པའི་མྱུ་གུ་ཚོར་ཆུང་བྱིས་པའི་དུས་ནས་གསོ་སྐྱོང་ཡག་པོ་བྱས་ཚེ། ཕྱིས་སུ་རྐང་འཛིན་མི་སྣར་འགྱུར་ངེས་རེད།
འབྲེལ་ཡོད་གསར་འགྱུར།