དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས“གང་མཁོ”དང“གང་བསླབ”ལ་སྤྱི་འདོམས་བྱས་པ།

    བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཅིག་གིས་སློབ་མའི་འཚར་ལོངས་ལ་བདེན་དཔང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་། ཚའོ་ཅི་ཝེ།   |     སྤེལ་དུས།  2025-10-25

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཉི་དུང་ལྷ་མོ་རང་ཉིད་ཀྱི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་ལྕགས་རི་ཐང་ཤང་དུ་ལོག་པ་དང་། གུང་གསེང་ཐིམ་རྗེས་སློབ་གྲྭའི“དུས་རབས་གསར་པ་དང་ཕ་ཡུལ་གསར་པའི”བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཐོག་རང་ཉིད་ཀྱིས་བརྒྱབ་པའི་འདྲ་པར་བསྟན་པ་རེད།

    ཕ་ཡུལ་གྱི་འགྱུར་ལྡོག་ཧ་ཅང་མགྱོགས་པོ་འདུག ལོ་གཉིས་གོང་དང་བསྡུར་ན། ཉི་དུང་ལྷ་མོའི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད་པ་སྟེ། “ད་རེས་ཕ་ཡུལ་དུ་ལོག་སྐབས། གཅིག་སྡུད་གཟན་ཁང་དང་གཟན་རྩྭ་མང་པོ་གྲ་སྒྲིག་བྱས་པ་མཐོང་བྱུང་། སླད་ཕྱིན་དགུན་ཁར་གངས་ཆེན་པོ་བབས་ཀྱང་ནོར་གནག་འཁྱགས་དོགས་དང་ལྟོགས་དོགས་མི་འདུག སྔོན་ཆད་ནོར་གནག་མང་ཉུང་འགྲན་པ་རེད། ད་ཆ་ནོར་གནག་གི་ཤ་ཤེད་འགྲན་གྱི་འདུག”ཅེས་བཤད།

    ན་ནིང་ཟླ་6ཚེས་18ཉིན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཉི་དུང་ལྷ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ། འབྲོག་པ་ཞིག་བོད་རུམ་སྟེང་བསྡད་ཅིང་། མདུན་གྱི་གསོལ་ལྕོག་སྟེང་ཇ་སྲུབས་མ་དང་ཕྱུ་ར་བཞག་ནས་བརྙན་འཕྲིན་ལྟ་བཞིན་ཡོད་པ་དང་། སྦྲ་གུར་གྱི་ཕྱིར་མི་མེད་གནམ་གྲུ་ཞིག་གིས་ནོར་ལུག་འདེད་བཞིན་པའི་རི་མོ་ཞིག་སྤྱན་འབུལ་ཞུས་པ་རེད།

    རི་མོའི་ཁྲོད་ཀྱི་རྣམ་པ་དེ་ད་ཆ་དོན་དངོས་སུ་གྱུར་ཡོད། ཉི་དུང་ལྷ་མོའི་ཨ་ཁུ་བྱང་ཆུབ་ཀྱིས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་སྦྱངས་ནས་ད་ཆ་མི་མེད་གནམ་གྲུ་སྤྱད་དེ་ནོར་གནག་འཚོ་གི་ཡོད་པ་རེད།

    དེ་དག་མཉམ་སྤྱོད་བྱས་རྗེས། ཉི་དུང་ལྷ་མོའི་སྐད་ཆ“ཕ་ཡུལ་གསར་པ”ནས“དུས་རབས་གསར་པར”བསྒྱུར། “ངས་མེས་རྒྱལ་རླབས་ཆེན་ཡིན་པ་གཏིང་ཟབ་ཚོར་བྱུང་། ཏང་གི་ཐུགས་ཁུར་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས། ཁ་གཏད་རོགས་སྐྱོར་བཅས་ཀྱི་སྲིད་ཇུས་བཟང་པོའི་དྲིན་ལས་ང་ཚོས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་བྱུང”ཞེས་བཤད།

    ཧྲང་ཧའེ་དང་། ཟི་ལིང་། མགོ་ལོག་བཅས་ས་ཆ་གསུམ་སློབ་གྲྭ་གཅིག་ལ་བརྟེན་ནས་མཉམ་དུ་སྦྲེལ་ཡོད། 2019ལོར། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དངོས་སུ་བཙུགས་ཤིང་བོད་རིགས་སློབ་མས་སློབ་གྲྭ་དེའི་སློབ་མ་ཡོངས་ཀྱི་97%ཡན་ཟིན་ཡོད། ལོ་དྲུག་རིང་། ཧྲང་ཧའེ་ཡི་དགེ་རྒན་བརྒྱ་ལྷག་གིས་སྔ་རྗེས་སུ་དེ་གར་དགེ་རྒན་བྱས་ནས་གཙང་གསུམ་ཆུ་འགོ་དང་ཨ་མྱེས་རྨ་ཆེན་གྱི་རི་འདབས་ནས་ཡོང་བའི་ཕྲུ་གུ་ཚོར་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་ཁྱབ་སྤེལ་བཏང་བ་རེད།

    མཚོ་སྐྱོར་དགེ་རྒན་ཞའོ་ཧྥེ་ཞུའེ་ཡིས་སློབ་ཁྲིད་ལ་ཕྱོགས་སྡོམ་བྱེད་སྐབས“སྐྱེ་ཁམས་དེ་བས་མཛེས་ཤིང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པས། སློབ་གྲོགས་ཚོས་ཤེས་ཚོར་བྱེད་བཞིན་པ་ནི‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”གསོན་ཉམས་དོད་པའི་ལག་ལེན་རེད། དེ་རིང་སློབ་གྲོགས་ཚོས་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་མཉམ་སྤྱོད་བྱས་པ་བརྒྱུད་ང་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས་བཅས་ལ་ངོས་འཛིན་དང་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་སོང”ཞེས་བཤད།

    “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་རྒྱུན་བཙུགས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྤུས་རྟགས་རེད། དགེ་རྒན་ཚོས་མཚོ་སྔོན་ཞིང་ཆེན་གྱི་ཞིང་བབ་དང་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་གཏོང་གི་ཡོད། “དུས་རབས་གསར་པ་དང་ཕ་ཡུལ་གསར་པའི”བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནི་དེའི་གྲས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་བཞུགས་མོལ་ཚོགས་འདུའི་ཐོག བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བར་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཉམ་འདྲེས་ནུས་པ། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་ཞའོ་ཀྲང་ཁྲང་ཐུའུ་ཡིས་བལྟས་ན། དམིགས་སའི་རང་བཞིན་ནི་བསམ་བློ་ཆབ་སྲིད་སློབ་ཚན་སྒྱུར་བཅོས་གསར་གཏོད་བྱེད་པའི་ཤུགས་རྒྱག་ས་གཙོ་བོ་ཞིག་ཡིན་པས། དགོས་མཁོ་དང་བསྟུན་ནས་སློབ་ཁྲིད་དང་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་བྱ་ཐབས་འདོན་དགོས། འབྲོག་ཁུལ་གྱི་ཕྲུ་གུའི“དགོས་མཁོ”དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི“སློབ་ཁྲིད”ཟུང་འབྲེལ་གནད་འཁེལ་བྱ་དགོས། སློབ་མ་ཚོའི“དོ་སྣང་བྱེད་ས”ཁོང་དུ་ཆུད་པར་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་རྣམ་པ་དང་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། གཏན་འཇགས་ཀྱི་སློབ་ཚན་ནས་བཅིངས་འགྲོལ་གཏོང་དགོས།

    སང་ལོའི་མཐོ་རྒྱུགས་ལ་ཞུགས་མཁན་ཉི་དུང་ལྷ་མོ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོ་མོའི་རེ་འདུན་ནི་འབྲོག་ཁུལ་དུ་ལོག་ནས་སྐད་ཡིག་དགེ་རྒན་ཞིག་བྱས་ཏེ། “དུས་རབས་གསར་པའི་འགྱུར་ལྡོག་གསར་པ་དང་ངོ་མཚར་ཆེ་བའི་འཇིག་རྟེན་ཕྲུ་གུ་དེ་བས་མང་བར་ཤོད་རྒྱུ་དེ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།