ཕྱི་འབྲེལ་པུས་བརྗོད་དོན།
རྒྱལ་སྤྱིའི་འདུམ་འགྲིག་ཁང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་དྲང་ནུས་སྣོན་རྒྱུ་ཡིན།
ཉེ་ཆར། རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་ལས་འགོ་འཛུགས་པའི་མཛད་སྒོ་ཤང་ཀང་དུ་འཚོགས་པ་རེད། ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག རྒྱལ་སྤྱིའི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བྱ་ཐབས་གསར་པ་ཞིག་ཡིན་པའི་ངོས་ནས་རྒྱལ་སྤྱིའི་འདུམ་འགྲིག་ཁང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་དྲང་ནུས་སྣོན་རྒྱུ་མ་ཟད། ཤང་ཀང་འདི་ཉིད་འདུམ་འགྲིག་བྱ་ཡུལ་གཙོ་བོར་སྐྲུན་རྒྱུར་རམ་འདེགས་ཀྱང་བྱ་རྒྱུ་ཡིན་ཞེས་བརྗོད།
ཀུའོ་ཅ་ཁུན་གྱིས། རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་འདུ་ཤེས་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དང་ཡོངས་སུ་མཐུན་པ་མ་ཟད། འདུམ་འགྲིག་མཉམ་ལས་འཆམ་མཐུན་བཅས་ལག་བསྟར་དང་། དྲང་གཞག་དྲང་བདེན་གཞུང་དྲང་བཅས་མཐའ་འཁྱོངས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས། མི་རྩ་བར་འཛིན་རྒྱུ་དར་སྤེལ། དངོས་སྒྲུབ་ཀྱི་ཕྱོགས་སྟོན་ལ་མཐོང་ཆེན་བཅས་བྱས་ཡོད་ཅེས་བརྗོད།
ཀུའོ་ཅ་ཁུན་གྱིས། འདི་ལོའི་ཟླ་5ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཤང་ཀང་དུ་འཚོགས་པའི་རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་སྤྱི་ཆིངས་ལ་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ། ཀྲུང་གོའི་ཚབ་ཞུས་ནས་སྤྱི་ཆིངས་ལ་མིང་རྟགས་ཀྱང་བཀོད་པ་རེད། སྤྱི་ཆིངས་དེ་འདི་ལོའི་ཟླ་8པར་ལག་བསྟར་བྱས་པ་དང་ད་ཆ་རྒྱལ་ཁབ་37གྱིས་མིང་རྟགས་བཀོད་པའི་ནང་རྒྱལ་ཁབ་8ཀྱིས་སྤྱི་ཆིངས་ལ་ཆོག་མཆན་སྤྲད་ཡོད་ཅེས་བརྗོད།
ཀུའོ་ཅ་ཁུན་གྱིས། “དུས་ཐུང་ཟླ་བ་ལྔའི་ནང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་གིས་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་དང་། ལག་བསྟར་བྱས་པ། ལས་འགོ་བཙུགས་ནས་གཉེར་སྐྱོང་བཅས་བྱས་ཤིང་། མྱུར་ཚད་དེ་ལྟ་བུ་ནི་རྒྱལ་སྤྱིའི་རྩ་འཛུགས་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། དེ་ཐོག་ནས་རྒྱལ་སྤྱིའི་འདུམ་འགྲིག་ཁང་བཙུགས་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་དང་དང་ལེན་ཧུར་ཐག་བྱེད་པ་གསལ་བཤད་གང་ལེགས་བྱུང་ཡོད”ཅེས་བརྗོད།
ཀུའོ་ཅ་ཁུན་གྱིས། རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་གྲོས་འགོ་ཐོག་མར་འདོན་མཁན་རྒྱལ་ཁབ་དང་མགྲོན་བདག་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་རྒྱལ་ཁབ་དེ་བས་མང་བ་སྔ་ཙམ་རྒྱལ་སྤྱིའི་འདུམ་འགྲིག་ཁང་དུ་ཞུགས་པ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་དང་མཉམ་ལས་དམ་ཟབ་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།