ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་གྱི་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་ཚོགས་འདུ་ཐེངས་བཅོ་བརྒྱད་པ་དྲ་ཐོག་ནས་འཚོགས་པ།
ཉེ་ཆར། ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་གྱི་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་ཚོགས་འདུ་ཐེངས་བཅོ་བརྒྱད་པ་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་ཤིན་དང་ཨུ་རུ་སུའི་གྲངས་འཛིན་འཕེལ་རྒྱས་འཕྲིན་གཏོང་དང་སྤྱི་དམངས་ཁྱབ་སྤེལ་སྨྱན་སྦྱོར་པུའི་པུའུ་ཀྲང་གཞོན་པ་ཆེར་ཁོ་སུའོ་ཝ་ཚོགས་འདུར་ཞུགས་པ་མ་ཟད། གཙོ་དོན་གཏམ་བཤད་ཀྱང་སྤེལ་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་གཙོ་གཉེར་སྡེ་ཚན་དང་། ཀྲུང་དབྱང་དང་ས་གནས་ཀྱི་སྨྱན་སྦྱོར། དེ་བཞིན་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་བཅས་མི་40ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་ཨུའི་སྨྱན་སྦྱོར་སྤེལ་རེས་ཀྱིས་བབ་བསྟུན་དང་གསོན་ཤུགས་མུ་མཐུད་མངོན་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱིའི་གླེང་ཕྱོགས་ཁོར་ཡུག་ཁྲོད་ཐུན་མོང་ཐོག་སྐད་ཆ་ཤོད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཡོད། ཕྱོགས་གཉིས་པོས་ཚགས་པར་ཁང་དང་འཕྲིན་གཏོང་ཁང་དང་། དཔེ་དེབ་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སོགས་ཁྱབ་ཁོངས་སུ་ཕན་འབྲས་ཀྱིས་ཕྱུག་པའི་སྤེལ་རེས་དང་མཉམ་ལས་བྱས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་བརྩམས་ཆོས་སྤུས་རྟགས་རབ་དང་རིམ་པ་མཉམ་དུ་ཇུས་འགོད་དང་གསར་རྩོམ་བྱས་ཡོད། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་དང་། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་རྩེར་སོན་གླེང་སྟེགས། ཀྲུང་ཨུའི་ལྟ་ཉན་གཟའ་འཁོར་སོགས་སྤུས་རྟགས་བྱེད་སྒོ་སྤེལ་བ་བརྒྱུད་ཀྲུང་ཨུའི་མཛའ་གྲོགས་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཚོགས་འདུའི་ཐོག་ལོ་འཁོར་རྗེས་མའི་ལས་དོན་གྱི་འཆར་གཞི་གཏན་འཁེལ་བྱས་ཤིང་། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་གཙོ་གནད་ཀྱི་མཉམ་ལས་རྣམ་གྲངས་70ལྷག་ཙམ་ཐུན་མོང་ཐོག་ཇུས་འགོད་བྱས་ནས་ལག་བསྟར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།