ལྷ་སར་ཧྭ་ཤིས་སྨན་ཁང་བཙུགས་ནས་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།
རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་སུ་སྨན་བཅོས་ཡག་པོ་ཉམས་ལེན་བྱེད་པ།

འདི་ནི་ཁྲེན་ལིན(བརྒྱབ)གྱིས་ལས་རོགས་དང་མཉམ་དུ་ནད་པའི་བརྟག་དཔྱད་འབྲས་བུར་དབྱེ་ཞིབ་བྱེད་བཞིན་པ།

འདི་ནི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གི་སྒོ་བསྟེན་ཚོམས་ཆེན་གྱི་ཕྱིའི་རྣམ་པ་ཡིན་པ།
བོད་ལྗོངས་ལྷ་སར་ཡོད་པའི་བོད་རང་སྐྱོང་ལྗོངས་སྨན་ཁང(མིང་གཞན་ལ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་ཡང་ཟེར)གི་སྨན་པའི་ལས་རེས་ཁང་དུ་ལོ་50ལྷག་ཙམ་ལ་སླེབས་པའི་སྒྲོལ་མས(འགྱུར་མིང)བབ་བརླིང་ལྡན་པའི་ངང“ཨེམ་རྗེ་ལགས་ལ་ཐུགས་རྗེ་ཆེ་ཞུ”ཞེས་བྲིས་པའི་གོས་དར་གཅིག་སྨན་པར་སྤྲད།
ལྷ་སར་སྡོད་པའི་སྒྲོལ་མ་དེ་སྔོན་ཆེད་མངགས་སི་ཁྲོན་ཁྲེང་ཏུའུ་རུ་ཡོད་པའི་ཧྭ་ཤིས་སྨན་ཁང་དུ་ནད་ལྟ་བར་འགྲོ་མྱོང་ཡོད། ད་ལོའི་ཟླ་བ་བརྒྱད་པར་སྒྲོལ་མ་ཕོ་བ་མི་བདེ་བས་གསར་དུ་བསྐྲུན་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་འདི་སྒོ་ཕྱེ་བ་ཐོས་འཕྲལ་དེ་གར་ནད་ལྟ་བར་ཡོང་པ་དང་། དེ་རྗེས་ཤ་ལུ་གཅོད་འབྲེག་གཤགས་བཅོས་བྱས་མཐར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་མཉམ་དུ་བསྐྲུན་པའི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་ནི་2022ལོར་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་རྒྱབ་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཁག་བཞི་པར་བདམས་ཡོད། ད་ལོའི་ཟླ་6པར་སྨན་ཁང་དེ་ལས་གཉེར་བྱེད་འགོ་ཚུགས་པ་དང་ཁོག་ནད་ཚན་ཁག་གི་ནད་ཁང་དང་། ནད་གཞི་ལྕི་བའི་གསོ་རིག་ཚན་ཁག ཁོག་ཤེལ་ལྟེ་གནས། ཕྱི་ནད་ཚན་ཁག་གི་ཕྱོགས་བསྡུས་ནད་ཁང་། ཚོར་སྦྲིད་གཤགས་བཅོས་ལྟེ་གནས་སོགས་བསྟུད་མར་སྤྱོད་འགོ་ཚུགས་ཤིང་། མིག་སྔའི་བར་ནད་པ་མི་ཐེངས་7000ལྷག་ཙམ་ལ་ནད་བརྟག་སྨན་བཅོས་བྱས་ཡོད་པ་རེད།
རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་མང་ཚོགས་ཐག་ཉེ་སར་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་ཇི་ལྟར་བྱས་སམ། གསར་འགོད་པས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་དུ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན།
མང་ཚོགས་དེ་བས་མང་བ་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཐུབ་རྒྱུར་སྟབས་བདེ་བསྐྲུན་པ།
སྨན་ཁང་གི་འཇུ་བྱེད་ཁོག་ནད་ཚན་ཁག་གི་འགན་འཁུར་བ་ཡིན་པའི་ཁྲེན་ལིན་ལས་བྲེལ་ཆེན་པོ་ཡོད་ཅིང་། ཉིན་ལྟར་ནད་ཁང་བཤེར་བ་དང་། ཕྱིར་སྨན་བཅོས་བྱེད་པར་སྐྱོད་པ། དགེ་ཕྲུག་སྐྱོང་བ་བཅས་བྱེད་དགོས་པ་མ་ཟད། སྐབས་རེ་ཐོལ་བྱུང་གནས་ཚུལ་ཡང་ཐག་གཅོད་བྱེད་དགོས་ཀྱི་ཡོད། ཁོང་གིས“སྨན་ཁང་ལས་གཉེར་བྱེད་འགོ་བརྩམས་པའི་ཐོག་མའི་དུས་ནི་འགག་རྩ་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་བཤད།
ལོ་19ལ་སླེབས་པའི་ནད་པ་ཆོས་སྒྲོན(འགྱུར་མིང)གྱིས་ཁྲེན་ལིན་ལ་བག་ཆགས་ཟབ་མོ་བཞག་ཡོད། གསུས་པར་ན་ཟུག་ཆེན་པོ་རྒྱག་པར་བརྟེན་ཁོང་ཆེད་མངགས་ནག་ཆུ་ནས་དེར་སྨན་བཅོས་བྱེད་པར་ཡོང་པ་དང་བརྟག་དཔྱད་བྱས་པ་བརྒྱུད་རྒྱུ་མ་འགག་ཡོད་པར་ཤེས། ཁྲེན་ལིན་གྱིས“ངས་ཁོང་ལ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་ན་མགྱོགས་པོ་དྲག་སྐྱེད་ཡོང་གི་རེད་ཅེས་བཤད་པས་ཁོང་བློ་བདེ་པོ་བྱུང་སོང”ཞེས་བཤད།
ཆོས་སྒྲོན་སྨན་ཁང་དུ་སྡོད་རིང་། ཁྲེན་ལིན་གྱིས་ཁོང་ལ་གསར་དུ་བསྐྲུན་པའི་སྨན་ཁང་འདིར་ཡོང་དོན་དྲིས། “ང་ཧྭ་ཤིས་སྨན་ཁང་གི་སྨན་པ་དང་སྨན་བཅོས་ལག་རྩལ་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ཆོས་སྒྲོན་གྱིས་ལན་བཏབ་པས་ཁྲེན་ལིན་སྤོབས་པ་ཆེན་པོ་སྐྱེས་པ་དང་སྦྲགས་གནོན་ཤུགས་ཀྱང་ཆེན་པོ་བྱུང་ཡོད། ཁྲེན་ལིན་གྱིས“ངེས་པར་དུ་སྨན་ཁང་ཡག་པོ་བསྐྲུན་དགོས། དེ་ལྟར་བྱུང་ཚེ་ས་གནས་དེ་གའི་ནད་པ་དེ་བས་མང་བ་ཐག་ཉེ་སར་སྨན་བཅོས་བྱེད་ཐུབ”ཅེས་བཤད།
“ཉེ་བའི་ལོ་ཤས་རིང་བོད་ཀྱི་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་མོད། འོན་ཀྱང་རྩད་ཆོད་དཀའ་བའི་ནད་དང་དོས་དྲག་ནད་པ་མང་པོ་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་སྐྲུན་དོན་ནི་ཞན་ཆ་སྔར་བས་བསལ་ནས་མང་ཚོགས་དེ་བས་མང་བ་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཐུབ་རྒྱུར་སྟབས་བདེ་སྐྲུན་ཆེད་རེད”ཅེས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཡོན་ཀྲང་ལུའོ་ཧྥེང་མིང་གིས་བཤད།
སྨན་བཅོས་བྱེད་ནུས་ས་གནས་དེ་གའི་དགོས་མཁོ་དང་འཚམ་པར་བྱས་པ།
སྨན་ཁང་སྒོ་ཕྱེ་བ་ནས་ད་བར་ཟླ་བ་ཁ་ཤས་ལས་སོང་མེད་མོད། འོན་ཀྱང་ཁྲེན་ལིན་བོད་དུ་བསླེབས་ནས་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད།
ན་ནིང་ལོ་དཀྱིལ་དུ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དུ་ཚན་ཁག་གི་འགོ་ཁྲིད་ཀྱིས་ངར་བོད་དུ་སྨན་ཁང་གསར་པ་ཞིག་གི་གྲབས་འཛུགས་བྱེད་པའི་ལས་ཀར་ཞུགས་འདོད་ཡོད་དམ་ཞེས་བསམ་འཆར་བསྡུ་ལེན་བྱས། རྟག་ཏུ་བོད་རིགས་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་པའི་ཁྲེན་ལིན་གྱིས་རང་འགུལ་ངང་མིང་ཐོ་བཀོད་ཅིང་། “ཁོང་ཚོ་ཆེད་མངགས་སི་ཁྲོན་དུ་ནད་ལྟ་བར་ཡོང་བར་སྟབས་བདེ་པོ་མེད། གལ་ཏེ་ཁོང་ཚོར་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པ་སྤྱོད་རྒྱུར་རོགས་རམ་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་བྱུང”ཞེས་ཁོང་གིས་བཤད།
ན་ནིང་གི་ཟླ་8པའི་ཟླ་མཇུག་ཏུ་ཁྲེན་ལིན་ལྷ་སར་འབྱོར་བ་དང་། སྨན་ཁང་གི་ཐོག་ཁང་བསྐྲུན་མ་ཐག་ཡིན་པས་ཁྲེན་ལིན་ཚན་ཁག་གྲབས་འཛུགས་ཀྱི་དུས་འགོའི་ལས་དོན་ལ་ཞུགས་དགོས་ཀྱི་ཡོད། “ཚན་ཁག་འཛུགས་པའི་རིང་ང་ཚོས་ལས་ཀ་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་དོན་དངོས་དང་མཐུན་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་པར་གཞོལ་ཡོད” ཁྲེན་ལིན་གྱིས་བསྐྲུན་ཟིན་པའི་ཁོག་ཤེལ་ལྟེ་གནས་ལ་ཆ་མཚོན་ན། བོད་ཀྱི་ས་མཐོའི་གསོ་རླུང་མི་འདང་བའི་དོན་དངོས་ལ་གཞིགས་ཏེ། ནད་ཁང་དུ་གསོ་རླུང་མཁོ་སྤྲོད་ཀྱི་སྒྲིག་ཆས་ཆེད་མངགས་བཀོད་སྒྲིག་བྱས་པ་མ་ཟད། དབུགས་འབྱིན་རྔུབ་འཕྲུལ་འཁོར་སོགས་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།
སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གི་ལག་བསྟར་ཡོན་ཀྲང་ཅང་ཡའོ་ཝུན་གྱིས། སྨན་ཁང་གསར་པ་གྲབས་འཛུགས་བྱ་ཆེད་ཆེད་མངགས་ཚོགས་པ་བཙུགས་པ་ཡིན་ལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་ཞིབ་རྣམ་གྲངས་ཀྱི་འགག་སྒྲོལ་སོགས་ཐད་ནས་རྒྱབ་སྐྱོར་ཆེན་པོ་བྱས་བྱུང་། ས་གནས་དེ་གའི་མི་འབོར་དང་ནད་རིགས་དང་། སྨན་ཁང་གཞན་ནས་སྒྱུར་ཡོང་བའི་ནད་པ། ས་ཁུལ་ཁག་གི་ད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཧྭ་ཤིས་སྨན་ཁང་གི་ཚོགས་པས་བརྟག་དཔྱད་ཞིབ་འཇུག་ཞིབ་ཕྲ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
“དབུགས་ལམ་མ་ལག་གི་ན་ཚའི་རིགས་ལ་མཚོན་ན་སྨན་བཅོས་ཐོན་ཁུངས་ཀྱི་དགོས་མཁོ་ཆེན་པོ་ཡོད” ཅང་ཡའོ་ཝུན་གྱིས། སྨན་ཁང་ཐོག་མར་བཙུགས་པའི་སྐབས་ཀྱང་དབུགས་ལམ་དང་ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བའི་གསོ་རིག་ཚན་ཁག་གཙོ་གནད་རིག་ཚན་དུ་བརྩིས་ནས་བསྐྲུན་ཡོད། བོད་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་ཚད་བལྟོས་བཅས་ཀྱིས་ཅུང་མཐོ་བ་དང་། རིག་ཚན་ཁག་གཅིག་གི་སྐྱོབ་བཅོས་ཐོན་ཁུངས་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ང་ཚོས་ཡུལ་བབ་དང་བསྟུན་ཏེ། རིག་ཚན་འཆར་འགོད་བྱས་ནས་སྨན་བཅོས་བྱེད་ནུས་དེ་ས་གནས་དེ་གའི་དགོས་མཁོ་དང་འཚམ་པར་བྱས་ཡོད་ཅེས་བཤད།
སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ།
ཁྲེང་ཏུའུ་ཡི་གསོ་སྦྱོང་མཇུག་བསྒྲིལ་རྗེས་འཆི་མེད་ལྷ་མོ་ལྷ་སར་ལོག་ནས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་གི་འཇུ་བྱེད་ཁོག་ནད་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར།
འཆི་མེད་ལྷ་མོས་དེ་སྔ་བོད་ཀྱི་གཞི་རིམ་འཕྲོད་བསྟེན་ཁོངས་གཏོགས་སུ་ལས་ཀ་བྱེད་པ་དང་རྗེས་སུ་སྨན་ཁང་གསར་པ་འདིར་རྒྱུགས་འཕྲོད་པ་མ་ཟད། ཧྭ་ཤིས་སྨན་ཁང་དུ་མངགས་ནས་དུས་ཡུན་ལོ་གཉིས་ཀྱི་གསོ་སྦྱོང་ལ་ཞུགས། “གསོ་སྦྱོང་ལ་ཞུགས་རིང་ང་ལ་འབྲེལ་ཡོད་ཤེས་བྱ་མང་པོ་ཤེས་བྱུང” འཆི་མེད་ལྷ་མོས་ཧྭ་ཤིས་སྨན་ཁང་གི་མཛུབ་ཁྲིད་དགེ་རྒན་གྱི་རིགས་པའི་གཞུང་ལུགས་དང་དམར་ཁྲིད་ཀྱི་མཛུབ་སྟོན་འོག་རང་ཉིད་ཀྱིས་རང་ཚུགས་ངང་རྒྱུ་མའི་གཤགས་བཅོས་སོགས་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྨན་ཁང་གསར་པ་དེར་ཡོད་པའི་ཡུལ་དེ་གའི་ལས་དོན་པ་200ལྷག་ཙམ་ཚང་མ་ཧྭ་ཤིས་སྨན་ཁང་གི་གསོ་སྦྱོང་ལ་ཞུགས་དགོས་ཀྱི་ཡོད། མིག་སྔའི་བར་སྨན་བཅོས་དང་། ལག་རྩལ། ནད་གཡོག སྨན་རྫས། དོ་དམ་སོགས་ལས་གནས་མང་པོ་ཚུད་ཡོད་པ་དང་། མི་ཐེངས་498ཧྭ་ཤིས་སྨན་ཁང་དུ་གསོ་སྦྱོང་སློབ་སྦྱོང་ལ་ཞུགས་ཡོད།
ཧྭ་ཤིས་སྨན་ཁང་གིས་ད་དུང་ལྷ་སར་སྨན་དོན་པ་30ལྷག་ཙམ་མངགས་པ་དང་ཁྲེན་ལིན་ནི་དེའི་གྲས་ཤིག་རེད། ཁོང་ཚོས་སྨན་བཅོས་བྱེད་པ་ཕུད། ས་གནས་དེ་གའི་སྨན་དོན་པར་བརྒྱུད་རོགས་ཁྲིད་གསུམ་གྱི་རོགས་རམ་བྱས་ནས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དུས་དང་རྣམ་པ་ཀུན་ཏུ་མཛུབ་ཁྲིད་བྱེད་བཞིན་ཡོད།
ལུའོ་ཧྥེང་མིང་གིས་ནད་པ་ཚོས་བོད་དུའང་ཧྭ་ཤིས་སྨན་ཁང་དང་འདྲ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ནི་སྨན་ཁང་གསར་པ་འཛུགས་པའི་དམིགས་ཡུལ་ཡིན་ལ། ཧྭ་ཤིས་སྨན་ཁང་དེ་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཕྱིར་གཏོང་སྨན་ཁང་ཡིན་པའི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། སྨན་ཁང་གིས་ད་དུང་ས་མཐོའི་ས་ཁུལ་གྱི་མྱུར་བཅོས་མྱུར་སྐྱོབ་མ་ལག་དང་ས་མཐོའི་གཅོང་ནད་དོ་དམ་མ་ལག་སོགས་འཚོལ་ཞིབ་བྱས་ཏེ། ཆུ་ཚད་མཐོ་བའི་སྨན་བཅོས་མ་ལག་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་སྲུང་བར་གཡས་གཞོགས་གཡོན་འདེགས་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། “ང་ཚོས་སྨན་ཁང་ཡོངས་ཀྱི་ནུས་ཤུགས་ལ་བརྟེན་ནས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་ཡག་པོ་གཉེར་ནས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ལུའོ་ཧྥེང་མིང་གིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འབྲེལ་ཡོད་གསར་འགྱུར།