དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་འདམ་ར་གཉིས་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་གནས་ཚུལ་ཐོས་པ་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ཆུང་འདམ་ར་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་གི་དར་ལག་ཆུ་བོའི་འདམ་ར་གཉིས་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་མིག་སྔའི་བར་མཚོ་སྔོན་དུ་རྒྱལ་སྤྱིའི་འདམ་ར་གལ་ཆེན་4དང་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་5ཡོད་པ་རེད།

    འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཞིང་ཆེན་ཁག་གིས་རེ་ཞུ་ཕུལ་བ་བརྒྱུད་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོས་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་མཐར་ཟླ་10ཚེས་16ཉིན་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ཁག་གསར་པ་ཡོངས་བསྒྲགས་བྱ་རྒྱུའི་མོས་མཐུན་ཐོབ་པ་རེད། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་ཞེས་པ་ནི་འདམ་རའི་སྐྱེ་ཁམས་བྱེད་ནུས་དང་ཕན་འབྲས་ཐད་རྒྱལ་ཁབ་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང《རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གཏན་འཁེལ་གྱི་དམིགས་ཚད》དང་མཐུན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྲུང་སྐྱོང་དང་དོ་དམ་བྱེད་པའི་འདམ་རར་བརྗོད། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་དུ་གཏན་འཁེལ་དང་ཡོངས་བསྒྲགས་བྱས་པ་དེ་ནི་འདམ་ར་རིམ་དབྱེའི་དོ་དམ་དོན་འཁྱོལ་བྱས་ནས་འདམ་ར་སྲུང་སྐྱོང་དང་། ཉམས་གསོ། དོ་དམ་བཅས་བྱེད་པའི་རྨང་གཞིའི་ལས་དོན་ཞིག་རེད།

    གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ཆུང་རྒྱལ་ཁབ་འདམ་ར་གལ་ཆེན་ནི་ཚྭ་འདམ་གཤོངས་སའི་བྱང་ཤར་གྱི་མཐའ་ཁུལ་དུ་གནས་པ་དང་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་3800.63ཟིན་གྱི་ཡོད། སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་མཚོ་བོད་ས་མཐོའི་མཚོ་མཚེའུ་དང་འདམ་རའི་སྐྱེ་ཁམས་མ་ལག་དང་། ཁྲུང་ཁྲུང་སྐེ་ནག་དང་ངང་དཀར་སོགས་རྩ་ཆེའི་སྟོངས་་ལ་ཉེ་བའི་དངོས་རིགས་དང་དེའི་འཚོ་སྡོད་ཁུལ་ཡིན་པ་རེད། འདམ་ར་དེར་གཏོགས་ཁོངས་63དང་རིགས་སྣ་80ཡི་རི་སྐྱེས་སྲོག་ཆགས་རིགས་105དང་། རི་སྐྱེས་རྩི་ཤིང་རིགས་21ཡོད། མཚོ་ཆུང་འདམ་ར་ནི་གོ་ལ་ཧྲིལ་པོའི་དུས་བྱ་གནས་སྤོས་དྲ་རྒྱའི་ཁྲོད་ཀྱི་ཨེ་ཤེ་ཡ་དབུས་རྒྱུད་ཀྱི་གནས་སྤོས་ལམ་ཐིག་ནས་མཚོ་བོད་ས་མཐོ་སྒྲོལ་བའི་ངལ་གསོ་རྒྱག་ཡུལ་གཙོ་བོ་ཡིན་ཞིང་། དངོས་རིགས་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གསོ་འཁྱོངས་བྱེད་པར་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་ཀྱི་རིན་ཐང་ལྡན་ཡོད། འདམ་ར་དེར་རྩ་ཆེའི་ཚྭ་མཚོའི་ཐོན་ཁུངས་ཀྱི་ཚྭ་འབུ་ཡོད་པ་དེ་ནི་ཚྭ་འདམ་གཤོངས་ས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཆུ་སྐྱེས་སྐྱེ་དངོས་ཡོངས་ཁྱབ་ཏུ་གནས་པའི་ཚྭ་མཚོའི་གྲས་ཤིག་ཡིན་པ་དང་ཚྭ་མཚོའི་སྐྱེ་དངོས་མ་ལག་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    དར་ལག་རྫོང་གི་དར་ལག་ཆུ་བོའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དར་ལག་དང་དགའ་བདེ་རྫོང་གཉིས་ཀྱི་ས་ཁོངས་སུ་གནས་པ་དང་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་2926.24ཡོད་ཅིང་། དེའི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་མཐོ་གྲང་སྤང་ལྗོངས་དང་། འདམ་རྫབ། ཆུ་རྒྱུན་འདམ་ར་བཅས་ཀྱི་སྐྱེ་ཁམས་མ་ལག་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་མཐིལ་རིལ་གྲོ་མོ་སོགས་རྩ་ཆེའི་སྟོངས་ལ་ཉེ་བའི་དངོས་རིགས་དང་དེའི་འཚོ་སྡོད་ཁུལ་ཡིན་པ་རེད། དེ་གར་རི་སྐྱེས་སྲོག་ཆགས་རིགས་ཀྱི་གཏོགས་ཁོངས་18དང་། རིགས་34 རིགས་སྣ་116དང་། རི་སྐྱེས་རྩི་ཤིང་རིགས་40དང་། གཏོགས་ཁོངས་11རིགས་སྣ་200བཅས་ཡོད་པ་རེད། དར་ལག་ཆུ་བོ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་རེད་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་འདམ་རའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། ཆུ་རྒྱུན་ནི་དམིགས་བསལ་གྱི་བདས་བསགས་ཆུ་རྒྱུན་དང་ཆུ་ཕྲན་རྐྱང་པ་དང་སྣ་མང་ཆུ་ཕྲན་བསྣོལ་མར་བརྒྱུགས་ནས་རྨ་ཆུ་འབབ་རྒྱུད་ཀྱི་ཆུ་ལག་མང་བའི་ཆུ་རྒྱུད་མངོན་གསལ་དོད་ཤོས་ཤིག་ཆགས་པ་དང་། སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས་མང་པོ་མཉམ་དུ་འདུས་པ་དེ་ནི་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དཔེ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།