བོད་ཀྱིས་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པ།
བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ཁྱད་ལྡན་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་རགས་ཙམ་བསྐྲུན་པས། བོད་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
བོད་ཀྱིས་ནས་དེ་ཉིད་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ཏེ། སྲིད་ཇུས་ཀྱི་སྣེ་ཁྲིད་དང་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཀྲང་ཧུའེ་མིང་གིས་བརྗོད་དོན། བོད་ཀྱིས་རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་ལས་ལག་རྩལ་མ་ལག་ཐོག་མ་དེ་བསྐྲུན་ནས། བོད་ནས་ཨང་རིགས་འབྲེལ་དང་ཧི་མ་ལ་ཡའི་རིགས་འབྲེལ་སོགས་སོན་རིགས་སྤུས་ལེགས་ཁག་78སྐྱེད་སྲིང་བྱས་ཡོད། ནས་ཀྱི་ཐོན་རྫས་རིགས་ཆེན་པོ་4ཡི་སྣ་ཁ་མི་འདྲ་བ་80ལྷག་ཙམ་གསར་སྤེལ་བྱས་ཏེ། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་38སྐྱེད་སྲིང་བྱས་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རྟ་སྒ་ཕུ་གྲོང་ཚོར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ཀྱི་ཤོང་ཚད་ཆེ་ཤོས་ཀྱི་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་རྣམ་གྲངས་ཏེ། བོད་ལྗོངས་གསར་སྤེལ་མ་འཇོག་གསེར་རྙེད་ཆུས་རྟ་སྒ་ཕུ་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་འཁོར་སྐྱོད་བྱེད་བཞིན་ཡོད་ཅིང་། བོད་ལྗོངས་གསར་སྤེལ་མ་འཇོག་ནག་ཆུ་ཆུ་གློག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཝེ་པིན་གྱིས་ངོ་སྤྲོད་བྱས་དོན། ན་ནིང་ལོ་མཇུག་ཏུ་འཁོར་སྐྱོད་བྱེད་འགོ་ཚུགས་ཚུན། ད་ལོའི་ཟླ་བ་9པའི་ཟླ་དཀྱིལ་བར། རིམ་རྩིས་བརྒྱབ་ན་དྲ་ཐོག་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་9500ལྷག་ཙམ་ཟིན་ཡོད་པ་རེད།
ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་གཞིགས་ནས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་ནས“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་ནུས་རྒྱུའི་འཕེལ་ཕྱོགས་གསར་པ་གཞིར་བཟུང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚོང་འགུགས་དང་ས་གནས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། ནུས་རྒྱུ་གཙང་མའི་ཐོན་ལས་གླིང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། ན་ནིང་ཟླ་བ་8པར། ལྷོ་ཁ་གྲོང་ཁྱེར་གྱིས་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་དང་པོ་སྟེ། ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་བོད་ལྗོངས་ཡན་ལག་ཀུང་སིའི་ཁྲོམ་ར་སྡེ་ཚན་གྱི་འགན་འཁུར་བ་ཁྲེན་ཀེ་ཡིས་བརྗོད་དོན། ཐོན་ལས་གླིང་ཐོན་སྐྱེད་བྱེད་འགོ་ཚུགས་པ་ནས་ད་བར། སྒོར་ཁྲི་2300ལྷག་ཙམ་རི་བའི་བཟོ་ལས་ཐོན་རྫས་ཕྱིར་ཚོང་ཐུབ་ཡོད་པ་རེད།
རིག་གནས་ཡུལ་སྐོར་ཐོན་ལས་ཀྱང་དབྱར་མཚོ་རྒྱས་པ་བཞིན་གྱི་འཕེལ་ཕྱོགས་མངོན་ཞིང་། བོད་ཀྱིས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། རང་བྱུང་ཡུལ་ལྗོངས་དང་རིག་གནས་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་རྩེ་གྲ་དེ་བས་མང་བ་བཏོན་ཡོད། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་བཏང་སྟེ། བོད་ཀྱི་ཡུལ་སྐོར་དེ་ལྟ་སྐོར་ཡུལ་སྐོར་ནས་རིག་གནས་ཡུལ་སྐོར་ལ་སྒྱུར་བ་དང་། ཡུལ་ལྗོངས་ཡུལ་སྐོར་ནས་སྤྲོ་གསེང་ཉམས་ལེན་ཟབ་མོའི་ཡུལ་སྐོར་ལ་སྒྱུར་བ། “སྒོ་འཛིན་དཔལ་འབྱོར”ནས་ཐོན་ལས་དཔལ་འབྱོར་ལ་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6370.73ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.21%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་736.73ཟིན་པ་དེ་དུས་མཚུངས་ལས་9.87%འཕར་ཡོད་པ་རེད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》2025ལོའི་ཟླ་10ཚེས་18ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།