དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོགས་པོ་ལགས། མགྱོགས་པོ་ཕེབས། བོད་ཀྱི་རྣམ་པ་གསར་པར་གཟིགས། (སྨད་ཆ)

    བོད་ལྗོངས་ཉིན་རེའི་ཚགས་པར་དང་འོད་ཟེར་ཉིན་རེའི་ཚགས་པར་གྱི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-25

    འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་ཕྱིན་པ།

    བརྗོད་མཁན། བོད་ལྗོངས་མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱི་ཐག་རིང་སྦྲག་སྐྱེལ་ཁ་ལོ་བ། བཟང་པོ།

    ད་ལོ་ནི་ང་ཁ་ལོ་བ་བྱས་ནས་ལོ་27པ་དེ་ཡིན། ངས་རྟག་ཏུ་བསྐྱོད་པའི་ལམ་འདི་ནི་སྤྱིར་བཏང་གི་ལམ་ཞིག་མིན་པར། “འཛམ་གླིང་ཡང་རྩེར”བསྐྲུན་པའི་སྦྲག་ལམ་ཨ་མ་དེ་ཡིན།

    དུས་རབས་20པའི་ལོ་རབས་90པའི་སྐབས་སུ། མ་ལམ་དེ་མངའ་རིས་མཚོ་ཆེན་རྫོང་གི་བརྒྱུད་འདྲེན་ས་ཚིགས་ནས་འགོ་བརྩམས་ཏེ་སྒར་རྫོང་བར་སྤྱི་ལེ་800ཙམ་ཡོད་པ་རེད། སྐབས་དེར་བྱེ་རྡོའི་ལམ་འབར་འབུར་ཡིན་པས། སྐྱོད་ཐེངས་གཅིག་ལ་ལུས་པོ་ཡོངས་ཐང་ཆད་ཀྱི་ཡོད་ལ་དུས་ཚོད་ཀྱང་ཉིན་བཞི་ཏག་ཏག་འགོར་གྱི་ཡོད། ངས་དྲན་གསལ་ལ་རླངས་འཁོར་ནང་བླུགས་མང་ཤོས་ནི་བོད་ཤོག་མཐུག་པོས་བཟོས་པའི་ཡིག་སྐོགས་ཁུག་མ་ལྕི་པོ་མང་པོ་ཞིག་བརྩེགས་ཡོད།

    2014ལོར་སླེབས་སྐབས་མ་ལམ་དེ་ཤར་ཕྱོགས་སུ་སྣུར་སྲིང་བྱས་ནས། གཞིས་རྩེ་གྲོང་ཁྱེར་ནས་འགོ་བཙུགས་ཏེ་ལམ་ཚད་སྤྱི་ལེ་1500ཙམ་བར་རིང་དུ་སོང་ཡོད། ལམ་རིང་དུ་ཕྱིན་ནའང་འགྲོ་བདེ་རུ་ཕྱིན་འདུག གཟའ་འཁོར་གཅིག་ནང་རླངས་འཁོར་ཐེངས་གཅིག་ནས་ཐེངས་བཞི་བར་གཏོང་གི་ཡོད། རླངས་འཁོར་ཐོག་འཕྲིན་ཡིག་ཉུང་དུ་ཕྱིན་ཡང་ཐུམ་སྒྲིལ་ཆེ་ཆུང་མང་དུ་ཕྱིན་པས། ས་མཐོའི་མིའི་འཚོ་བ་ཡང་རླངས་འཁོར་གྱི་མྱུར་ཚད་མགྱོགས་སུ་འགྲོ་བ་ལྟར་ཆེས་ཆེར་ལེགས་སུ་ཕྱིན་པ་ངས་མངོན་གསལ་དོད་པོས་ཚོར་བྱུང་།

    2018ལོར་སྦྲག་ལམ་སླར་ཡང་ཤར་དུ་སྣུར་སྲིང་བྱས་ཤིང་། འགོ་ཐད་ཀར་ལྷ་ས་ནས་ཚུགས་པ་དང་ལམ་ཚད་སྤྱི་ལེ་1800ཡོད། མ་གཞི་བོད་ཀྱི་སྦྲག་ལམ་རིང་ཤོས་སུ་གྱུར་ཀྱང་སྐྱོད་ཐེངས་གཅིག་ལ་ཉིན་གཉིས་དང་ཉིན་ཕྱེད་ལས་འགོར་གྱི་མེད་པ་མ་ཟད། ཉིན་ལྟར་ཡང་རླངས་འཁོར་གཏོང་གི་ཡོད།

    ད་ཆ་སྦྲག་སྐྱེལ་རླངས་འཁོར་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་། རླངས་འཁོར་ནང་གང་དགོས་ཅི་འཛོམས་ཡོད་པ་སྟེ། དུས་སྨིན་གྱི་ཤིང་ཏོག་དང་། དར་སྲོལ་ཆེ་བའི་གྱོན་ཆས་དང་ཞྭ་ལྷམ། བྱིས་པའི་དཔེ་དེབ་དང་རྩེད་ཆས། ད་དུང་ཡང་བའི་རིག་ནུས་ཁྱིམ་ཆས་ཆུང་ཆུང་སོགས་ཡོད་པས་དངོས་གནས་སྤོ་བདེའི་བརྒྱ་ཟོག་ཚོང་ཁང་ཞིག་དང་འདྲ་པོ་ཡོད།

    སྦྲག་ལམ་འདིས་མངའ་རིས་ས་མཐོ་དང་ཕྱི་རོལ་གྱི་འཇིག་རྟེན་གཉིས་དམ་པོར་སྦྲེལ་ཡོད། ངས་གསར་འགྱུར་ནང་བོད་ཀྱི་གྲོང་ཚོ་98%ཚང་མར་མྱུར་སྐྱེལ་ཐུམ་སྒྲིལ་གཏོང་ལེན་བྱེད་ཐུབ་པ་དང་། ཐ་ན་ཐག་རིང་ཤོས་ཀྱི་འབྲོག་ཁུལ་དུའང“ཐུམ་སྒྲིལ་ཉིན་གཅིག་ལ་འབྱོར་ཐུབ”ཀྱི་ཡོད་པ་མཐོང་བྱུང་།

    གློག་ཤུགས་སྔར་བས་འབེལ་དུ་ཕྱིན་པ།

    བརྗོད་མཁན། བོད་ལྗོངས་ཧྭ་གློག་སྨར་ཁམས་འགག་མདོ་འོད་ཤུགས་གློག་འདོན་རྣམ་གྲངས་ར་བའི་འོས་མཚམས་དང་པོའི་འགན་འཁུར་བ། ཀྲའོ་ཡུས་དབྱིན།

    ལས་ཡུལ་དུ་འགྲོ་རིམ་བཞིན་ལམ་རྒྱུད་ཀྱི་མང་ཚོགས་སྡོད་ཁང་ཐོག་སྟེང་དུ་ཡོད་པའི་ཉི་ནུས་ཆུ་ཚ་པོ་བཟོ་ཆས་མཐོང་སྐབས། ངས་ལོ་9ཡི་གོང་འདི་ནས་མཐོང་བའི་རྣམ་པ་དྲན་གྱི་འདུག

    རྣམ་གྲངས་རྩིས་ལེན་བྱེད་སྐབས། བོད་རིགས་ཀྱི་སྣེ་ཤན་པ་བཀྲ་ཤིས་དང་མཉམ་དུ་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་སྐབས། ཁྱིམ་ཚང་ཚང་མའི་གྱང་ངོས་སུ་ལྕི་བ་གཏལ་པོ་བརྒྱབ་པ་མཐོང་དུས་ང་རང་དངོས་གནས་ཧང་སངས་བྱུང་། སྣང་ཚུལ་དེ་བཀྲ་ཤིས་ཀྱིས་མཐོང་ནས“ལྕི་བ་དེ་དག་གིས་བུད་རྫས་བྱེད་ཆོག་ལ་དྲོད་ལེན་གྱི་རྒྱུ་ཆ་ཡང་བྱེད་ཆོག་པས་མེད་དུ་མི་རུང་བ་ཞིག་རེད”ཅེས་དགོད་བཞིན་བཤད་བྱུང་།

    ང་ཚོས་འོད་ཤུགས་རྣམ་གྲངས་སྐྲུན་འགོ་འཛུགས་དུས། ཡུལ་མི་ཚོས་རྒྱབ་སྐྱོར་ཆེན་པོ་བྱས་བྱུང་། བཀྲ་ཤིས་ཀྱིས་ཡུལ་མི་ཚོར“འོད་འཚེར་ཤེལ་ལེབ”འདི་དག་ཡོད་ན། ཕྱིས་སུ་ང་ཚོས་གློག་ཆད་པའི་སེམས་ཁྲལ་བྱེད་དགོས་མེད་ལ་ཉིན་ལྟར་ལྕི་བ་ཡང་སྲེག་དགོས་མེད”ཅེས་བཤད།

    དྲ་སྦྲེལ་གློག་གཏོང་བྱེད་པའི་ཉིན་དེར། བོད་རིགས་ཨ་མ་ཞིག་གིས་ཧོར་སྒྲ་སྒྲོག་པའི་གོས་འཁྲུད་འཕྲུལ་ཆས་ལ་བལྟས་ནས་དགའ་སྤྲོ་དཔག་མེད་སྐྱེས་སོང་།

    གློག་འདང་ངེས་ཡོད་པས། ཡུལ་མི་ཚོའི་འཚོ་བར་རྦད་དེ་འགྱུར་ལྡོག་བྱུང་བ་སྟེ། ཇ་བསྲུབས་འཕྲུལ་འཁོར་དང་གློག་ལྡིག་ཐབ་ཚང་དུ་མེད་དུ་མི་རུང་བའི་སྒྲིག་ཆས་སུ་གྱུར་པ་མ་ཟད། ལག་ཐོགས་ཁ་པར་དང་གློག་ཀླད་སྤྱོད་མཁན་ཡང་ཇེ་མང་དུ་ཕྱིན་པ་དང་། ཤང་གི་སློབ་ཆུང་དུ་དྲ་རྒྱའི་རྒྱང་ཁྲིད་སློབ་ཁྲིད་སྒྲིག་ཆས་སྤྱོད་བཞིན་ཡོད་པ་མ་ཟད། ད་དུང་མི་འགའ་ཤས་ཀྱིས་དྲ་ཐོག་ཚོང་ཁང་བཙུགས་ནས་ས་གནས་ཀྱི་ཡུལ་ཟོག་འཚོང་བཞིན་ཡོད།

    སྡོད་ཁང་སྔར་བས་རྒྱ་ཆེ་རུ་ཕྱིན་པ།

    བརྗོད་མཁན། བོད་ལྗོངས་ཆུ་གསུམ་རྫོང་ནོར་བུ་ས་གྲོང་ཚོའི་མཛེས་མཐུན་གསུམ་ལྡན་གྲོང་གསེབ་རྣམ་གྲངས་ཀྱི་གནས་སྤོས་དུད་ཚང་། ཉི་མ་ཆོས་སྒྲོན།

    ངའི་ཁང་པ་རྙིང་པ་ནི་རི་སྐེད་དུ་གནས་པ་དང་ཤིང་དང་ས་རྡོ་ལས་གྲུབ་པ་ཞིག་ཡིན། ཆུང་དུས་དགུན་ཁ་ལྷགས་པ་ཆེན་པོ་རྒྱག་སྐབས་ཁང་པ་ལོག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་སྐྱེ་གི་འདུག་ལ། ཁང་པའི་ནང་ཐབ་བཏང་ནའང་ད་དུང་གྲང་ཤུར་ཤུར་ཞིག་ཡོད།

    ད་ཆའི་ཁང་པ་གསར་པ་འདི་ཨར་འདམ་ལྕགས་རྩིབ་མ་ལས་གྲུབ་པའི་ཁར་དྲོད་སྲུང་ཉིས་བརྩེགས་ཀྱི་དེང་དུས་ཀྱི་སྤུས་ཀ་ལེགས་པའི་སྒེའུ་ཁུང་བསྒར་ཡོད་པས། ལྷགས་པ་ཆེན་པོ་བརྒྱབ་ནའང་སེམས་ཁྲལ་རྩ་བ་ནས་མི་འདུག

    གྲོང་ཚོ་རྙིང་པ་གནས་སའི་ས་ཆ་མཁྲེགས་པོ་མེད་ལ། སྡོད་གནས་ཁ་ཐོར་ཡིན་པས། ཆུ་དང་། གློག ལམ། དྲ་བ་བཅས་ཧ་ཅང་ཁྲིད་ཁག་པོ་ཡོད།

    གྲོང་ཚོའི་ལས་བྱེད་པས་ཡུལ་མི་རྣམས་གནས་སྤོ་བར་སྐུལ་སློང་བྱེད་སྐབས་མི་རྣམས་ལ་དོགས་འཆར་སྣ་ཚོགས་བྱུང་ཞིང་། ཁང་པ་རྒྱག་པ་ནི་དོན་ཆེན་ཞིག་ཡིན་པས་ལས་ཀ་ཙག་ཙིག་ལ་ལོ་མང་འགོར་གྱི་ཡོད། གྲོང་ཚོའི་རྒད་པོ་ཚེ་རིང་གིས་ངའི་མི་ཚེ་འདིའི་ནང་ཁང་པ་ཐེངས་གསུམ་བརྒྱབ་པ་ཡིན། ཁང་པ་རྒྱག་ཐེངས་གཅིག་ལ་ནུས་ཤུགས་རྦད་དེ་ཟད་སོང་བས་ད་ལྟ་ཅ་བསུན་པོ་དེ་འདྲ་བྱེད་འདོད་མི་འདུག་ཅེས་བཤད།

    ཁང་པ་གསར་པ་རྒྱག་པར་མི་རེས་ཆ་སྙོམས་སྒོར་ཁྲི་1.1འདོན་པ་ལས་མང་ཆེ་བ་རྫོང་ནོར་སྲིད་ནས་འདོན་གྱི་རེད་ཅེས་གྲོང་ཚོའི་ལས་བྱེད་པས་སྲིད་ཇུས་ཁྱབ་བསྒྲགས་བྱས། དེས་ན་ཚང་མའི་སེམས་ནད་ཀྱང་སེལ་ཡོད།

    ཁང་པའི་གནད་དོན་ཐད་ཁྱིམ་ཚང་སོ་སོའི་རེ་བ་གཅིག་མཚུངས་མིན་པ་སྟེ། འགའ་ཤས་ཀྱིས་རྒྱལ་སྒོ་དེ་སྒོ་མཆོར་ལ་སྐྲུན་འདོད་བྱེད་པ་དང་། འགའ་ཤས་ཀྱིས་ཐབ་ཚང་ཆེ་རུ་གཏོང་འདོད་ཡོད་པ། ཡང་འགའ་ཤས་ཀྱིས་ཆུ་འབུད་མདོང་ལམ་ཁང་པའི་རྒྱབ་ཏུ་སྤོ་དགོས་པའི་རེ་བ་འདོན་གྱི་ཡོད། དེ་དག་ཚང་མ་སྲིད་གཞུང་ནས་བསམ་གཞིག་བྱས་ཏེ་ཇུས་འགོད་དང་ཨར་སྐྲུན་ཚན་པར་ཁྱིམ་ཚང་སོ་སོའི་རེ་བ་རེ་རེ་བཞིན་ཐོ་རྒྱག་ཏུ་བཅུག་ཡོད། ཇུས་གཞི་ལེགས་སྒྲིག་བྱེད་སྐབས་ཤེལ་ཁང་གི་རླུང་འགྲོ་དང་སྒོ་རའི་ཆུ་འགྲོ་ཚང་མ་གཏན་འཁེལ་ཡང་ཡང་བྱས་ཡོད། གོ་ཐོས་ལ་དུད་ཚང་རེར་མི་མང་ཉུང་ལ་གཞིགས་ནས་ཁང་པའི་བཅད་ཀ་མི་འདྲ་བ་རིགས་ལྔ་འཆར་འགོད་བྱས་ཡོད།

    དེ་ལྟར་ཚང་མའི་སེམས་བསལ་བ་དང་ཆབས་ཅིག ལས་གྲྭའི་མྱུར་ཚད་ཀྱང་མགྱོགས་སུ་ཕྱིན་ཡོད། 2024ལོའི་དབྱར་ཁར་ལས་འགོ་བཙུགས་ནས་ལོ་མཇུག་ཏུ་ལས་མཇུག་འགྲིལ་བ་སྟེ། ཆུ་འབུད་མདོང་ལམ་དྲ་བ་ཁྱིམ་གྱི་སྒོ་འགྲམ་དུ་བཏིང་བ་དང་། འོད་ཁྲིད་ཚི་སྐུད་ཐད་ཀར་ཁྱིམ་དུ་ཁྲིད་པ། མི་ཕྱུགས་ལོགས་སུ་དབྱེ་བ་མ་ཟད། ད་དུང་གྲོང་ཚོར་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་དང་བུ་བཅོལ་ཁང་བསྐྲུན་ཡོད།

    བརྟག་ཞིབ་ཚོགས་ཆུང་གི་ཟིན་བྲིས།

    “གློག་ཤིང་གྲལ་འགྲིག་པོར་བཙུགས། རྔ་ཆེན་གློག་ཁང་ནས་ཉིན་མཚན་བལྟོས་མེད་ངང་གློག་བཏང་། འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས་ཁྱིམ་ཚང་ཚང་མ་ནས་གློག་འོད་ཆེམ་ཆེམ་དུ་འཚེར། ལྷ་སའི་ས་ཕྱོགས་གང་སར་འོད་སྟོང་འཕྲོ་བའི་རྣམ་པ་མངོན”

    འདི་ནི《གྲོང་གསར་བསྐོར་བ》ཞེས་པའི་གཞས་ནང་བཏང་བའི་རྣམ་པ་རེད། དེང་གི་བོད་ལྗོངས་སུ་གང་སར་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། 2020ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་དྲ་ཕྱོགས་ཡོངས་ལ་ཁྱབ་ནས་གློག་འདོན་བློས་འཁེལ་ཚད་99.6%ཟིན་ཡོད།

    གློག་གི་འགྱུར་ལྡོག་ནི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་ཟུར་ཙམ་རེད། འགྲིམ་འགྲུལ་གྱི་སྐོར་རགས་ཙམ་བརྗོད་ན། བོད་ཀྱི་ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་སྤྱི་ལེ་0ནས་སྤྱི་ལེ་1359བར་འཕར་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་183ཟིན་པ། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།

    མང་ཚོགས་ཀྱི་སྡོད་ཁང་སྐོར་གླེང་ན། བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ་བོད་ཀྱི་མང་ཚོགས་90%ཡན་ཐོག་དཔངས་དམའ་བའི་སྡོད་ཁང་སྐྱོ་པོར་སྡོད་པའམ་ཡང་ན་བ་ཚང་དུ་ཉལ་གྱི་ཡོད། ལོ་བཅུ་གྲངས་ཀྱི་འགྱུར་ལྡོག་བརྒྱུད་བོད་ཀྱི་སྡོད་ཁང་འགན་ལེན་ཐད“མེད་པ”ནས“ཡོད་པའི”བར་མངོན་འགྱུར་བྱུང་བ་དང་། གཞི་རྩའི་འགན་ལེན་ནས་ས་ཁོངས་ཡོངས་ལ་ཁྱབ་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། མི་རིགས་ཁག་གི་མི་དམངས་ལ་སྡོད་སའི་ཁང་པ་ཡོད་པ་དང་ཁང་པ་བདེ་འཇགས་ལྡན་པ་བྱུང་ཡོད།

    ལོ་གཅིག་དུས་བཞིར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པ།

    བརྗོད་མཁན། པེ་ཅིང་གི་ཡུལ་སྐོར་བ། ཀྲང་ཝན།

    ང་སྔར་ནས་བོད་ལ་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་སེམས་ཐག་ཆོད་ཀྱི་མི་འདུག གང་ཡིན་ཞེ་ན་རྒྱུན་དུ་ལྟོ་དུས་རེར་སྔོ་ཚལ་མེད་ན་འགྲིག་ཐབས་མེད། བོད་ཀྱི་མངའ་ཁོངས་རྒྱ་ཆེ་བས། འགྲོ་ཐེངས་གཅིག་ལ་ཉུང་མཐར་ཡང་ཉིན་བཅུ་ནས་ཟླ་ཕྱེད་འགོར་གྱི་ཡོད། དུས་ཡུན་རིང་པོ་དེ་འདྲའི་ནང་སྔོ་ཚལ་མེད་ན་ག་ལ་འགྲིག

    གངས་ལྗོངས་ས་མཐོའི་གནམ་སྔོན་ས་གཙང་གི་མཛེས་པའི་ཡིད་དབང་འཕྲོག་ཤུགས་བཟོད་མ་ཐུབ་པར། མི་རིང་བའི་གོང་གྲོགས་པོ་དང་མཉམ་དུ་བོད་དུ་ཡོང་སྐབས། ལྟོ་དུས་དང་པོ་དེར་ང་ཧང་སངས་བྱུང་། ཡུན་རིང་ཡིད་སྨོན་བྱེད་པའི་བོད་ལུགས་ཀྱི་རྒྱ་ཁོག་བཟས་པ་ཡིན། རླངས་པ་འཚུབ་འཚུབ་ཏུ་འཁོལ་བའི་རུས་ཐང་གི་བྲོ་བས་ངའི་རོ་འཛིན་གྱི་དབང་པོ་རྦད་དེ་འཕྲོག་སོང་། སྐབས་དེར་སྦྱིན་བདག་གིས་སྔོ་ཚལ་སྡེར་མ་གང་ཁྱེར་ཡོང་བས། སྡེར་མའི་ནང་གི་མཉེན་ལ་སོས་པའི་ཡིའུ་ཚལ་དང་། ཨོ་སུན། ཀོ་པི་སྔོན་པོ་བཅས་ལ་ང་ཧང་སངས་བྱུང་།

    “བོད་དུ་ནམ་དུས་འདིར་ཡང་སྔོ་ཚལ་སོས་པ་དེ་འདྲ་ཟ་རྒྱུ་འདུག”ཅེས་ངས་རང་དབང་མེད་པར་བརྗོད་དགོས་བྱུང་།

    ཟུར་དུ་ཡོད་པའི་སྦྱིན་བདག་གིས“སྔོ་ཚལ་ཟ་རྒྱུ་མེད་པའི་དུས་ནི་ལོ་རྒྱུས་ཙམ་རེད། ད་ལྟ་བོད་ལ་ལོ་གཅིག་དུས་བཞི་ཚང་མར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད”ཅེས་སྣང་བ་མེད་པར་འགྲེལ་བཤད་ཀྱི་ཚུལ་དུ་བཤད།

    འདིར་ང་ཡ་མཚན་ཆེན་པོ་སྐྱེས་པས། ས་ཡུལ་དངོས་སུ་འདྲི་རྟོག་ལ་འགྲོ་རྒྱུའི་ཐག་བཅད་པ་ཡིན། ལྷ་ས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རར་འཛུལ་མ་ཐག་ས་རློན་དང་ཀྭ་རིགས་སྔོ་ཚལ་གྱི་དྲི་བསུང་འདྲེས་མ་ཞིག་འཐུལ་འོང་། ཀྲོ་མ་ཀྲུ་དམར་རིལ་རིལ་རི་ལྟར་སྤུངས་པ་དང་། སྔོ་ཚལ་སོས་པ་གྲལ་འགྲིག་པོར་བཞག་པ། ལྷོ་ཕྱོགས་ཡུལ་གྱི་ལོ་སྒོར་པད་ཚལ་དང་ཚལ་དམར་ཡུ་གུ་ཡང་མཐོང་རྒྱུ་འདུག་པས་ངོ་མ་ལྟ་བས་མི་ངོམ།

    ཚལ་ཁྲོམ་བདག་པོས“ཁྱེད་རང་ཅི་ཞིག་ཉོ་འདོད་འདུག གཡོན་ངོས་ལ་ས་གནས་འདི་གའི་སྔོ་ཚལ་དང་། གཡས་ངོས་ནི་ཡུལ་གཞན་ནས་དྲངས་པའི་ཚལ་རེད”ཅེས་བཤད་བྱུང་།

    གླེང་མོལ་བྱེད་སྐབས་ཁྲོམ་བདག་དེ་ནི་སྔོ་ཚལ་བཙོངས་ནས་ལོ་མང་སོང་བས་བོད་ཀྱི་སྔོ་ཚལ་ཐོན་སྐྱེད་ཀྱི་གནས་ཚུལ་གསལ་པོ་ཤེས་ཀྱི་འདུག ཁོང་གིས་ང་ལ་ཚན་རིག་ཞིབ་འཇུག་པས་འབད་བརྩོན་བྱས་པ་བརྒྱུད། ཀྲོ་མ་ཀྲུ་དང་། ཧོང་ཀྭ སོ་ལོ། པད་ཚལ། ལ་ཕུག་སོགས་ནང་འདྲེན་བྱས་པའི་སྣ་ཁ་དེ་དག་ས་བབ་སྨི་3800ཟིན་པའི་ས་ཆར་སྐྱེ་ཐུབ་ཀྱི་ཡོད། ས་བབ་དེ་ལས་མཐོ་བའི་ནག་ཆུར་ཆ་བཞག་ནའང་དྲོད་ཁང་དུ་ཧོང་ཀྭ་འདེབས་ཐུབ་པ་དང་། མངའ་རིས་སུ་ས་མེད་འདེབས་གསོ་བྱས་པའི་རྗེན་ཚལ་ས་གནས་དེ་གའི་ཟ་ཁང་དུ་ཐད་ཀར་མཁོ་སྤྲོད་བྱེད་པ། གོ་ཐོས་ལ་ད་དུང་ལྷོ་ཁས་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ཤིང་ཏོག་དང་སྔོ་ཚལ་ཤང་ཀང་དང་ཨའོ་མོན་དུའང་འཚོང་གི་ཡོད་པ་འདྲ་ཞེས་བཤད་བྱུང་།

    རིག་གནས་ཀྱི་སྟོན་མོ་གང་འདོད་ལྟ་རྒྱུ་ཡོད་པ།

    བརྗོད་མཁན། བོད་ལྗོངས་ལྷ་སའི“ཇ་ཁང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས”ཀྱི་སྲོལ་གཏོད་པ། སྐལ་བཟང་གཡང་ལགས།

    ལོ་12ཀྱི་དུས་སུ། ངས་ཨ་མས་བཙེམས་པའི་སྣམ་བུའི་ལྟོ་ཕད་ཁུར་ནས་མེ་འཁོར་ལ་བསྡད་དེ་ཧྲང་ཧའེ་རུ་བསྐྱོད་པ་ཡིན། ཧོང་ཕུའུ་གཙང་འགྲམ་གྱི་དམའ་རིམ་སློབ་འབྲིང་གི་སློབ་ཁང་ནས་མིང་མེད་མཚེའུ་འགྲམ་གྱི་པེ་ཅིང་སློབ་ཆེན་གྱི་ལོ་ཟླའི་བར་དང་དེ་ནས་ཞི་བདེ་རྒྱ་མཚོ་ཆེན་པོ་བསྒྲལ་ནས་རབ་འབྱམས་པའི་སློབ་གནས་འགྲིམ་པའི་བར་གྱི་ལམ་བུ་འདིར་ན་ཚོད་ཆེ་རུ་སོང་བ་དང་ལམ་ཐག་ཇེ་རིང་དུ་སོང་མོད། འོན་ཀྱང་ཕ་ཡུལ་གྱི་གངས་རི་དང་ཇ་མངར་མོའི་དྲི་ཞིམ་ཐོག་མཐའ་བར་གསུམ་དུ་བརྗེད་ཐབས་བྲལ།

    2018ལོའི་དབྱར་ཁར། ང་རང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ང་ཕ་ཡུལ་དུ་ལོག་པ་ཡིན། མི་རིགས་ཀྱི་རིག་གནས་ལ་བཅངས་པའི་བརྩེ་བ་དང་འབྱུང་འགྱུར་ལ་ཁེངས་པའི་རེ་སྒུག་དང་བསྟུན་ནས་ང་དང་བློ་མཐུན་རོགས་པ་ཚོས་མཉམ་དུ་ལྷ་སར་ཕུགས་འདུན་དོན་གཉེར་བྱས་པ་སྟེ། བོད་ལྗོངས་ཇ་ཁང་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ད་དུང་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ལྡན་པའི“ཧི་མ་རི་མོ་ཁང”བཙུགས་པ་ཡིན།

    ང་ཚོས་སྒྱུ་རྩལ་དེ་ཁྱིམ་གྱི་སྒོ་ཕྱེ་མ་ཐག་ཚོར་ཐུབ་པའི་དྲོ་སྐྱིད་དང་འདྲ་བར་རང་ཤུགས་སུ་མི་རྣམས་ལ་ཚོར་ཐུབ་པའི་ཆེད་དུ་ཧི་མ་ཞེས་མིང་བཏགས་པ་ཡིན། ཧི་མ་རི་མོ་ཁང་དུ་སླེབས་སྐབས་ཁྱེད་ཀྱི་མིག་ལམ་དུ་མཐོང་བ་ནི་གྱང་ལྡེབས་སུ་བཀལ་བའི་རི་མོ་ཙམ་མ་ཡིན་པར་གསོན་ཉམས་དོད་པའི་རིག་གནས་ཚོམས་ཆེན་ཞིག་སྟེ། སྒྱུ་རྩལ་འགྲེམས་སྟོན་ཐོག་གཞོན་ནུ་ཚོས་བརྩམས་ཆོས་སྤུས་དག་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ་དང་། ཕ་མ་དང་ཕྲུ་གུའི་རི་མོ་འབྲི་ཁུལ་དུ། ཕྲུ་གུ་ཚོའི་དགོད་སྒྲའི་ཁྲོད་ལག་ཆུང་ལ་ཚོན་གྱིས་འགོས་པའི་སྤྲོ་སྣང་གིས་རབ་ཏུ་ཕྱུག ང་ཚོས་ད་དུང་ཚང་མའི་སྣེ་ཁྲིད་ནས་བར་སྐོར་དུ་བསྐྱོད་དེ་ལོ་ཟླའི་ཁྲ་རིས་ཐིམ་པའི་ལོ་རྒྱུས་ལ་ལྟ་བ་སོགས་སྒྱུ་རྩལ་ནི་རླངས་པ་འཚུབ་འཚུབ་ཀྱི་ཇ་དང་འདྲ་བར་འཚོ་བར་ཡོངས་སུ་འདྲེས།

    དེ་རིང་བར། ཧི་མ་རི་མོ་ཁང་གིས་བྱེད་སྒོ་ཐེངས་178སྤེལ་བ་ནས་ཐེངས་144ནི་རིན་མེད་ཀྱི་སྤྱི་ཕན་བྱེད་སྒོ་རེད། 2023ལོར་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་བར་སྟོང་གསར་པའི”སྒོ་བྱང་ཧི་མ་རི་མོ་ཁང་ལ་སྤྲོད་སྐབས། སེམས་གཏིང་གི་ཁྱིམ་གཞིས་དངོས་སུ་བསྐྲུན་ཐུབ་སོང་སྙམ་ནས་ངའི་མིག་མཐའ་མཆི་མས་བརླན།

    “སྤྲིན་རུམ་གྱི་སྤོ་ལོ་ཐང”ཇེ་མང་དུ་འགྲོ་བཞིན་པ།

    བརྗོད་མཁན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སློབ་ཆུང་གསུམ་པའི་ལུས་རྩལ་དགེ་རྒན། སྐར་མ་འཆི་མེད།

    ངའི་ཕ་ཡུལ་ཆབ་མདོའི་སྐོར་གླེང་ན། དེ་གར་རི་མཐོ་ལ་ཆུ་བོ་དྲག་ཏུ་རྒྱུག་པ་དང་བྲག་རི་གཡང་གཟར་གྱིས་ཁེངས། ཐང་སྡེར་རེ་ཟུང་ལས་མེད།

    རི་འདབས་སུ་བསྐྲུན་པའི་མི་11ཚད་གཞིར་བྱས་པའི་རྐང་རྩེད་སྤོ་ལོ་ཐང་འདི་ནི་ངའི་བྱིས་པའི་དུས་ཀྱི་ཕུགས་འདུན་ཡིན།

    ལོ་10ལྷག་ཙམ་གྱི་གོང་། དེ་གར་ད་དུང་རྡོ་ཧྲུག་གིས་ཁེངས་པའི་ས་རྒོད་ཅིག་དང་ལེ་དབར་བརྒྱའི་ནང་མཐོང་དཀའ་བའི་ཐང་སྡེར་ཞིག་རེད། སྐབས་དེ་དུས། ཉིན་ལྟར་སློབ་གྲྭ་གྲོལ་རྗེས། ང་ཚོ་རྐང་རྩེད་སྤོ་ལོར་དགའ་བའི་ཕྲུ་གུ་རྣམས་དེ་གར་འཛོམས་ནས་རྡོ་ཧྲུག་བསྒྲུགས་ཏེ་ས་ཁོད་སྙོམས་ཀྱི་ཡོད་པས། ལག་མཐིལ་ལ་ཤ་རོ་ཡང་སེ་སྐྱེ་མྱོང་།

    ཕྱིས་སུ་ང་ཚོར་ཐང་སྡེར་ཞིག་རྙེད་བྱུང་བས། དེར་རྒྱུག་པ་བཙུགས་ནས་སྤོ་ལོ་བླུགས་སྒོ་བྱས་པ་དང་། སྤོ་ལོ་བླུགས་སྒོའི་ཉི་ལུང་ལས་བཟོས་པའི་དྲ་བའི་ཐོག་དྲིལ་ཆུང་བཀལ་ཏེ་དྲིལ་ཆུང་གི་སྒྲ་ཉན་ནས་སྤོ་ལོ་འཛུལ་མིན་བརྡར་ཤ་གཅོད་ཀྱི་ཡོད།

    ཆ་རྐྱེན་དངོས་འབྲེལ་ཐབས་ཆག་རེད། འོན་ཀྱང་ཁ་བ་བུ་ཡུག་ཇི་ལྟར་འཚུབ་ཀྱང་ང་ཚོས་སློབ་གྲྭ་གྲོལ་མ་ཐག་དེ་གར་ཡོང་ནས་སྐྱ་ཐེར་ཐེར་གྱི་སྤོ་ལོ་ཐང་དུ་ལང་ཚོའི་གསོན་ཤུགས་ཅི་དགར་ངོམ་པར་བྲེལ།

    སློབ་ཆེན་འགྲིམ་སྐབས་ངས་ལུས་རྩལ་ཆེད་ལས་བདམས་པ་དང་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལུས་རྩལ་དགེ་རྒན་ཞིག་བྱས་པ་ཡིན། གཉེན་སྒྲིག་བྱས་ཏེ་ཕྲུ་གུ་སྐྱེས་རྗེས། ང་དང་གྲོང་ཚོའི་པཱ་ལགས་ཚོས་སྤོ་ལོ་ཐང་བསྐྱར་བཟོ་བྱ་རྒྱུའི་འཆར་གཞི་བཏིང་བ་ཡིན། ལོ་གཉིས་ཀྱི་རིང་ང་ཚོས་དཀའ་སྤྱད་འབད་འཐབ་ཀྱིས་ཐང་རྒོད་དེར“པཱ་ལགས་ཀྱིས་བསྐྲུན་པའི་རྐང་རྩེད་སྤོ་ལོ་ཐང”བཟོས་པ་ཡིན།

    སྤོ་ལོ་ཐང་ཡོད་ན་འགྲན་བསྡུར་ཡང་རང་བཞིན་གྱིས་གཉེར་ཐུབ་པས་ང་ཚོའི་གྲོང་ཚོ་ཙམ་མ་ཟད། ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་སྤོ་ལོའི་རུ་ཁག་12འགྲན་བསྡུར་བྱེད་པར་ཡོང་གི་ཡོད། འགྲན་བསྡུར་གྱི་ཉིན་མོ་འཆར་རིམ་བཞིན་འབྲོག་ཁུལ་གྱི་ཕོ་གཞོན་ཚོས་རྒྱང་རིང་ནས་སྦག་སྦག་བཞོན་ཏེ་བརྗིད་ཉམས་དང་བཅས་སྤོ་ལོ་རྒྱག་པར་ཡོང་གི་ཡོད་ལ། བུད་མེད་ཚོས་ཕྲུ་གུ་པང་དུ་བཏབ་སྟེ་རྩམ་པ་དང་ཤ་སྐམ་པོ་འཁྱེར་ནས་སྤོ་ལོ་ཐང་གི་ཟུར་དུ་བསྡད་དེ་སྤྲོ་སྣང་ཆེན་པོས་དགའ་འབོད་བྱེད་ཀྱི་ཡོད།

    ད་ཆ་མི་རྣམས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ལ། “སྤྲིན་རུམ་གྱི་སྤོ་ལོ་ཐང”ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོ་ཆབ་མདོར་ཆ་མཚོན་ན་སྤོ་ལོ་ཐང་121ཡོད་པ་ལས་མི་11གི་ཚད་གཞི་ཡིན་པའི་རྐང་རྩེད་སྤོ་ལོ་ཐང་17ཡོད།

    བརྟག་ཞིབ་ཚོགས་ཆུང་གི་ཟིན་བྲིས།

    “རིག་གནས་དང་ལུས་རྩལ་གཉིས་ཀ་གོང་འཕེལ་བྱུང་ནས་རྗེས་སུ་གཅིག་ཀྱང་ལུས་མེད” “རྒྱ་ནག་ཏུ་ཡོད་པ་ཚང་མ་འདི་གར་ཡང་ཡོད” “ས་གནས་དེ་གའི་མིའི་འཚོ་བ་འདི་འདྲའི་སྣ་མང་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་ལྡན་པ་ཞིག་ཡོད་པ་བསམ་ཡུལ་ལས་འདས་སོང” ཞེས་པ་སོགས། ང་ཚོས་བཅར་འདྲི་བྱེད་རིང་བྱུང་བའི་མྱོང་ཚོར་དེ་དག་གཤམ་གསལ་གྱི་གྲངས་གཞི་ལས་ར་སྤྲོད་ཐུབ་པ་སྟེ།

    ལོ་རེར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་ལས་བརྒལ་བ་དང་། སྔོ་ཚལ་ཐོན་མང་བའི་དུས་སུ་ས་གནས་དེ་གར་རང་མཁོ་རང་སྤྲོད་ཐུབ་ཚད་60%ལས་བརྒལ་བ། འབྱུང་འཕྲོད་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཞིང་ལས་ཐོན་རྫས། དེ་བཞིན་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་བཅས་བསྡོམས་ན་རིགས་400ལས་བརྒལ་ཡོད་པ་སོགས་རེད།

    རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས)རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་པ་དང་། གྲངས་འཛིན་ཅན་གྱི་སྤྱི་པའི་རིག་གནས་ལས་སྟེགས་གྲོང་ཁྱེར་ནས་གྲོང་ཚོ་དང་འབྲོག་ར་བར་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི“སྐར་མ་15ཡི་ལུས་སྦྱོང་འཁོར་རྒྱར”མི་ཚང་མ་ཞུགས་ཐུབ་པ་སོགས་རེད།

    དངོས་ཟོག་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པས་བོད་ཀྱི་མི་དམངས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པར་གྱུར་པ་དང་། བོད་ཀྱི་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་རིམ་པ་མང་ལ་སྣ་མང་ཅན་གྱི་རིག་གནས་མཁོ་སྤྲོད་མཉམ་འདྲེས་གཏིང་ཟབ་ཐུབ་ནས། མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ཡང་དེ་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

    བརྟག་ཞིབ་བྱེད་རིང་མཐོང་ཐོས་མྱོང་གསུམ་བརྒྱུད་ང་ཚོས་བོད་ལ་བག་ཆགས་ཟབ་ཏུ་ཕྱིན་སོང་ལ། ང་ཚོའི་ངེས་ཤེས་ཀྱང་དེ་བས་གསར་དུ་ཕྱིན་སོང་།

    མཐོང་ཐོས་མྱོང་གསུམ་ཐེངས་གཅིག་གིས་ཡོད་ཚད་མཚོན་ག་ལ་ཐུབ།

    དེ་ཡང་ང་ཚོས་བརྟག་ཞིབ་བྱེད་རིང་། བེད་སྤྱོད་བྱས་ནས་ཡུན་རིང་མ་སོང་བའི“ཡར་ཀླུང་གཙང་པོ་ཨང་1པོ་རྟགས་ཅན”གྱི་མི་ཐབས་རིག་ནུས་སྔོན་ཐོན་རྩིས་རྒྱག་ལྟེ་གནས་ཀྱིས་800Pཡི་རྩིས་ནུས་འབོར་ཆེན་སྤྱད་དེ་དུང་ཕྱུར་སྟོང་རིམ་པའི་དཔྱད་གྲངས་ཀྱི་དཔེ་དབྱིབས་ཆེན་པོའི་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། ལས་འགོ་བཙུགས་ནས་ཡུན་རིང་མ་སོང་བའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་འགག་གསུམ་གློག་ཁང་3དང་མཚུངས་ནས་གློག་གཏོང་ཚད་འཛམ་གླིང་གི་ཨང་དང་པོ་ཟིན་རྒྱུ་ཡིན་པ། རིང་ཚད་ཧྲིལ་པོར་སྤྱི་ལེ་2681ཡོད་པའི“བོད་ལྗོངས་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ”ཡང་འགོ་ཚུགས་ཡོད་ལ། ལས་གྲྭའི་ལག་རྩལ་ཡང་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་སོགས་གྲངས་ལས་འདས།

    བོད་ལྗོངས། བོད་ལྗོངས་གསར་པ། དེ་བས་མ་འོངས་པའི་བོད་ལྗོངས་གསར་པའོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།