དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5613.63ལ་སྣེ་ལེན་ཞུས་པ།
མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་འཆར་འགོད་དང་། མཐུན་སྦྱོར་ཤུགས་འདོན། གོང་འོག་མཉམ་འགུལ། འཕྲེད་ཕྱོགས་སྐུལ་འདེད་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་སྤུས་འབོར་མཉམ་འཕར་དང་བདེ་འཇགས་གོ་རིམ་ལྡན་པ་ཞིག་ཡོང་བ་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5613.63ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.36%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་535.66ཟིན་པ་དེ་དུས་མཚུངས་ལས་20.05%འཕར་ཞིང་། ས་ཁུལ་ཁག་གི་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ག་ས་ག་ནས་བཀྲག་མདངས་འཚེར་ཡོད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཐུན་སྦྱོར་བྱས་ནས་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་ལེགས་སུ་བཏང་ནས་གཏུག་བཤེར་ཉུང་དུ་གཏོང་བའི”ལྟེ་བའི་ལས་འགན་ལ་དམ་འཛིན་ནན་པོ་བྱས་པའི་ཁར། མཛེས་ལྗོངས་ཁུལ་གྱི“རྨང་གཞི་བརྟན་གཏོང”ལས་གྲྭ་ལག་བསྟར་བྱས་པས་ཚྭ་ཁ་ཚྭ་མཚོ་དང་ཧེ་ཏུའུ་ཧྲན་སོགས་སུ་ཡུལ་སྐོར་དུ་ཡོང་མཁན་མང་པོ་བྱུང་བ་དང་། ཞ་ནན་ཀོན་སྲང་ལམ་སོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། “གསང་སྤྱོད་དང་རླངས་འཁོར་འཇོག་ས་དཀོན་པ”སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་གནད་འཁེལ་བྱུང་ཡོད། གཞན་ཡང་རིག་གནས་འགྲེམས་སྟོན་བྱ་ཡུལ་དུ་ཞབས་འདེགས་ཞུ་ཡུན་རིང་དུ་བཏང་བས“རིག་གནས་འགྲེམས་ཚོགས་ཡུལ་སྐོར”དེ་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།
ཡུལ་སྐོར་བ་མང་བའི་དུས་སུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་གིས་རང་ངོས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ངེས་གནས་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས། གནད་སྨིན་ཇུས་འདོན་དང་ཐབས་སྒྱུར་ཤུགས་འདོན་བྱས་པ་བརྒྱུད། “ཁྱད་པར་ཅན་གྱི་སྐུལ་འདེད་དང་ཕན་ཚུན་ཁ་གསབ་ཀྱིས་མཐུན་རྐྱེན་སྦྱོར་བའི”འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ས་ཁོངས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ནས་རང་ཉིད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ཐུན་མོང་མ་ཡིན་པ་དང་ངོས་འཛིན་བདེ་བའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་བཏོད་པ་མ་ཟད། མཉམ་འགུལ་དམ་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྡེབ་སྒྲིག་དང་ནུས་པ་གསབ་རེས་བྱེད་ཤུགས་ཆེ་རུ་བཏང་བས“ས་ཁོངས་ཡོངས་མཐུན་སྦྱོར་དང་སྣ་མང་ངོ་མཚར་ཆེ་བའི”མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗོངས་རིས་ཤིག་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།