དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཉམ་ལས་ཁང་བཙུགས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-24

    རྣམ་རྒྱལ་ཚེ་རིང་གིས་ཐད་གཏོང་བྱས་ནས་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་བརྗོད་བཞིན་པ།

    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱང་ཧུང་ཞ། ཀྲང་ཏུའོ་ཅུན། ཚེ་མགོན་རྒྱལ། ཧྥན་ཧའོ། དངོས་སྦྱོང་གསར་འགོད་པ། ཀྲང་ཧྥུའུ་ཀྲའོ།

    མཉམ་ལས་ཁང་གི་འབྲོག་པའི་སྣེ་ཁྲིད་དེ“སྡོད་ཁང་གཉིས”གྲོང་གསེབ་ཏུ་སྡོད་ཁང་གཅིག་དང་གྲོང་ཁྱེར་དུ་སྡོད་ཁང་གཅིག་ཡོད་པ་དང་། “རླངས་འཁོར་གཉིས”གཅིག་ཐོན་སྐྱེད་ལ་སྤྱོད་པ་དང་གཅིག་འཚོ་བར་སྤྱོད་པ། “གྱོན་ཆས་གཉིས”ཉིན་མོ་གྲོང་གསེབ་ཏུ་བཟོ་པའི་གྱོན་ཆས་གྱོན་ནས་ངལ་རྩོལ་བྱེད་པ་དང་དགོང་མོ་གྲོང་ཁྱེར་དུ་ཕྱི་ལུགས་གྱོན་ཆས་གྱོན་ནས་འཛད་སྤྱོད་བྱེད་པ་བཅས་ཞིང་པ་ཚོས་གྲོང་ཁྱེར་གྱི་གྲོང་མི་དང་འདྲ་བའི་སྤྱི་པའི་ཞབས་ཞུ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པའི“གཉིས་བྱས་པ་གསུམ”མངོན་འགྱུར་བྱ་རྒྱུ་ནི་རྣམ་རྒྱལ་ཚེ་རིང་གི་ཕུགས་འདུན་རེད།

    རྣམ་རྒྱལ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལྔ་གཅིག་གྲོང་ཚོའི་བྲག་དཀར་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིཌ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་རེད་ལ། གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པའང་ཡིན་ཞིང་། ཁོང་མཐོང་སྐབས་ཞིང་ནང་དུ་བཙས་མ་རྔ་བཞིན་འདུག

    བྲག་དཀར་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མུའུ་ཁྲི་ཟིན་པའི་ཞིང་ཁའི་ནང་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱང་ཡུ་གུའི་ཞིང་ཁ་སྔོ་ཐིང་ངེར་གནས་པ་དང་བརྔ་བསྡུའི་འཕྲུལ་འཁོར་གཉིས་ཀྱིས་པད་ཁ་བརྔ་བཞིན་མཆིས།

    “འཕྲུལ་འཁོར་དེ་གཉིས་ང་ཚོས་ད་ལོ་སྒོར་ཁྲི་98བཏང་ནས་ཉོས་པའི་c230རྟཌ་ཅན་གྱི་བརྔ་བསྡུའི་འཕྲུལ་འཁོར་ཡིན་པ་དང་ཁྲོམ་རའི་ཐོག་ཡག་ཤོས་རེད”ཅེས་རྣམ་རྒྱལ་ཚེ་རིང་གིས་ལྡིར་ལྡིར་གྱི་བརྔ་བསྡུའི་སྒྲའི་ཁྲོད་རྒྱང་རིང་གི་བརྔ་བསྡུའི་འཕྲུལ་འཁོར་ངོ་སྤྲོད་བྱེད་སྐབས་སྤོབས་ཉམས་ཤིག་འཕྱུར།

    བརྔ་བསྡུའི་མྱུར་ཚད་དེ་སྔ་ལས་40%ཡིས་མགྱོགས་པའི་ཁར་ཟད་གྲོན་ཡང་ཆུང་བས་ཕན་པ་མི་དམན་པ་ཞིག་ཐོབ། རྣམ་རྒྱལ་ཚེ་རིང་གིས། དེ་སྔ་བསམ་ཡང་བསམས་མི་ཕོད་པ་ཞིག་རེད། ད་ཆ་མཉམ་ལས་ཁང་གི་མ་དངུལ་ཐོག་རྒྱལ་ཁབ་ཀྱི་ཞིང་འཕྲུལ་ཁ་གསབ་བརྒྱབ་ན་བློ་ཁོག་ཆེན་པོས་ཞིང་འཕྲུལ་ཉོ་ཆོག་ཅེས་བཤད། མིག་སྔར། མཉམ་ལས་ཁང་ལ་བཟོ་ལྟ་མི་འདྲ་བའི་བརྔ་བསྡུའི་འཕྲུལ་འཁོར་བཞི་ཡོད་པ་དེ་དག་གཅིག་ལས་གཅིག་ཡག་པ་ཡོད།

    2016ལོར་བྲག་དཀར་རྫོང་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མིག་སྔར་རྨོ་ཞིང་མུའུ་10500(མུའུ་1ལ་སྤྱི་ཆིང་0.0667ཙམ་ཡོད་པ)དང་ཡུལ་མི་དུད་ཚང་52ཡོད། དང་ཐོག་མཉམ་ལས་ཁང་འཛུགས་དུས་ཡུལ་མི་དུད་ཚང་5དང་རྨོ་ཞིང་མུའུ་2300ལས་མེད།

    “ཐོག་མར་རང་ཉིད་ཀྱིས་བཏབ་པའི་པད་ཁ་དང་ནས་འཚོང་སྐབས་ཡོང་འབབ་མང་པོ་རག་གི་མེད” རྣམ་རྒྱལ་ཚེ་རིང་གིས། མཉམ་ལས་ཁང་གི་ཡོང་འབབ་དང་པོ་ནི་2018ལོར་རག་པའི་སྒོར་ཁྲི་5དེ་རེད་ཅེས་བཤད།

    པད་ཁ་དང་ནས་ཁོ་ན་བཙོངས་ན་ཡོང་འབབ་ཡག་པོ་མེད་པས། རྣམ་རྒྱལ་ཚེ་རིང་དང་ཁོངས་མི་རྣམས་ཀྱིས་གྲོས་བསྡུར་བྱས་ནས་རང་ཉིད་ཀྱི་ཐོན་རྫས་བཟོ་འགོ་ཚུགས་པ་དང་། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་140བཏང་ནས་སྣུམ་འཚག་ཁང་ཞིག་བསྐྲུན་པ་རེད།

    ད་ཆ། མཉམ་ལས་ཁང་གི་པད་སྣུམ་ས་གནས་དེ་གར་སྐད་གྲགས་ཆོད་ལ། ཟི་ལིང་དུའང་ཆེད་ཚོང་ཁང་བཙུགས་ཡོད།

    པད་སྣུམ་དང་། རྩམ་པ། ཡུ་གུ་བཅས་མཐའ་འཁོར་ས་ཁུལ་དང་ཞིང་ཆེན་གཞན་དུ་འཚོང་གི་ཡོད་པས་མཉམ་ལས་ཁང་གིས་རང་ཐོན་རང་འཚོང་ཐུབ་ནས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་240རག་གི་ཡོད།

    “ད་ཆ་མཉམ་ལས་ཁང་གི་འདེབས་འཛུགས་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། གཅིག་གྱུར་དོ་དམ་དང་། གཅིག་གྱུར་འདེབས་འཛུགས། གཅིག་གྱུར་བརྔ་བསྡུ་བཅས་བྱེད་ཀྱི་ཡོད་པས་ལས་ཀ་དེ་ཙམ་མང་པོ་མི་འདུག དུས་ཚོད་ཡོད་དུས་ཚང་མས་ཞོར་ལས་གཞན་དག་བྱས་ཏེ་ཡོང་འབབ་གསོག་གི་ཡོད”ཅེས་རྣམ་རྒྱལ་ཚེ་རིང་གིས་བཤད།

    རང་ཉིད་ཀྱི་སྤུས་རྟགས་སྐད་གྲགས་དེ་བས་ཆོད་པར་བྱ་ཆེད། ཁོང་གིས་སྤྱི་ཚོཌ་འབྲེལ་ལམ་དུ་བརྙན་ཐུང་བསྐུར་ནས་མཉམ་ལས་ཁང་གི་འདེབས་འཛུགས་གནས་ཚུལ་ངོ་སྤྲོད་དང་། ཐད་གཏོང་བརྒྱུད་པད་སྣུམ་ངོ་སྤྲོད་བྱེད་ཀྱི་ཡོད། སྐབས་རེ་ལྟ་མཁན་མང་པོ་མེད་ཀྱང་ཁོང་གིས་ཡིད་ཐང་མི་ཆད་པར་སྔར་བཞིན་ཕ་ཡུལ་གྱི་ཞིང་ཞོར་ཐོན་རྫས་དང་རང་ཉིད་ཀྱིས་སེམས་ནུས་ཡོད་རྒུས་ཐོན་སྐྱེད་བྱས་པའི་པད་སྣུམ་ངོ་སྤྲོད་བྱེད་ཀྱི་ཡོད།

    ད་ལོའི་ས་མཐོའི་ཞིང་འབྲོག་ཆེད་ལས་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་སྤེལ་རེས་ཚོགས་འདུ་སྐབས་བཅུ་གཅིག་པ་དང་2025ལོའི་མཚོ་ལྷོ་ཀྲོའུ་ཡི་ཞིང་འབྲོག་ཐོན་རྫས་འོས་སྦྱོར་བྱེད་སྒོར་ཞུགས་མཁན་མཚོ་སྔོན་དང་། ཡུན་ནན། སི་ཁྲོན། བོད་ལྗོངས། ཀན་སུའུ། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་ལས་གཏོད་འཐུས་མི་དང་མཉམ་ལས་ཁང་གི་འགན་འཁུར་བར་རྣམ་རྒྱལ་ཚེ་རིང་གིས་རང་ཉིད་ཀྱིས་གསར་སྤེལ་བྱས་པའི་པད་སྣུམ་ངོ་སྤྲོད་བྱས་པ་རེད།

    “དེ་དག་ཚང་མ་ངས་སྨྱན་སྦྱོར་ལ་བལྟས་ནས་སྦྱངས་པ་ཡིན། གྲུབ་འབྲས་མི་དམན་པ་ཞིག་ཐོབ་བྱུང་། དེ་ཉིན་ཁྲི་60ཡི་མངགས་ཐོ་ཞིག་བླངས་པ་ཡིན། ངས་སྒྲུབ་པའི་བྱ་བ་ནི་རྨང་གཞི་འདིང་བ་ཙམ་རེད། འཕེལ་རྒྱས་དེ་བས་ཡག་པོ་གཏོང་དགོས་ན་གཞོན་ནུ་ཚོར་རག་ལས་ཡོད”ཅེས་རྣམ་རྒྱལ་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།