དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་བྱང་རྒྱུད་གོ་ཀན་ཞུས་ལའོ་ཧྥའི་ཉེས་གསོག་ཚོགས་པའི་ཆེད་དོན་གྱོད་གཞི་རྩད་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཀྲང་ཐེན་ཕེ། ཝང་ཅིན་ཡོན།   |     སྤེལ་དུས།  2025-10-23

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལྔ་པས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས། ཞུས་ཧྥ་ཆི་སོགས་ཞུ་སྦྱོར་ཕྱི་མ་ལྔའི་ཁ་བསླུས་དང་། རྐང་བཙུགས་ནས་གནོད་འཚེ་གཏོང་བ། ཁྲིམས་འགལ་བཀག་ཉར། བསྙད་འདོགས་རྒྱུ་འཕྲོག དུག་རྫས་ལྐོག་འདྲེན་སྐོག་འཚོང་། རྒྱལ་མཚམས(མཐའ་མཚམས)ལྐོག་བརྒལ་བཅས་ཀྱི་གྱོད་གཞིར་ཞིབ་གཅོད་བྱས་པ་རེད།

    2024ལོའི་ཟླ་1ཚེས་30ཉིན། ཀྲུང་གོ་དང་འབར་མའི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལམ་སྲོལ་ལ་བརྟེན་ནས། ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཞུས་ཧྥ་ཆི་སོགས་ཉེས་ཅན་པ་འབར་མ་ནས་འཁྲིད་ཡོང་བ་དང་། ཞུས་ཧྥ་ཆི་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་དེ་ཐོག་ནས་འབར་མའི་བྱང་རྒྱུད་ཀྱི་གོ་ཀན་ས་ཁུལ་ཧམ་བཟུང་བྱས་པའི་གསར་དར་གྱི་ས་གནས་དྲག་ཤུགས་རྩ་བ་ནས་མེད་པ་བཟོས་པ་མཚོན་ཡོད།

    ཞུས་ཧྥ་ཆི། མིང་གཞན་ལ་ཞུས་ལའོ་ཧྥ། སྐྱེས་པ། ལོ་54 འབར་མ་བ། འབར་མ་ཧྲན་པང་གོ་ཀན་རང་སྐྱོང་ལྗོངས་ཤིས་ཧྲན་ཆུས་ཀྲ་ཙི་ཧྲུའུ་ཤང་གི་ཤང་ཀྲང་དང་གོ་ཀན“ཤིན་ཕིང་ཁྲོམ་གཞུང་ཡུལ་དམག་རུ་ཁག”གི་སྤྱི་ཁྱབ་བཀོད་འདོམས་པ། ཁ་བསླུས་ཚོགས་པ“ཧྲེང་ཡོན་ཚོགས་པའི”ཏུང་ཧྲི་ཀྲང་གི་འགན་ཁུར་ནས་རང་རྒྱལ་གྱི་སྤྱི་དམངས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་ཡོད།

    2023ལོའི་ཟླ་7པར་སྤྱི་བདེ་པུའུ་ཡིས་འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་བཀོད་སྒྲིག་བྱས་པ་དང་། ལོ་དེའི་ཟླ་9པར། སྤྱི་བདེ་པུའུ་ཡིས་ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞུས་ལའོ་ཧྥའི་ཉེས་གསོག་ཚོགས་པར་ཆེད་དོན་མྱུལ་ཞིབ་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད། དེ་རྗེས་སྤྱི་བདེ་པུའི་གཅིག་གྱུར་བཀོད་འདོམས་འོག ཆེད་དོན་ཚོགས་ཆུང་སྔ་རྗེས་སུ་འབར་མ་དང་། ཁམ་ཕུ་ཁྲེ། ལོ་སི་སོགས་སུ་བསྐྱོད་དེ་རྒྱལ་སྤྱིའི་ཁྲིམས་སྒྱུར་མཉམ་ལས་བྱས་ནས་ཉེས་གསོག་ཚོགས་པ་དེའི“མ་དངུལ་གཏོང་མཁན”རྐང་འཛིན་པ་མང་པོ་གཅིག་རྗེས་གཉིས་མཐུད་ངང་འཛིན་བཟུང་བྱས་པ་རེད།

    མྱུལ་ཞིབ་བྱས་པ་བརྒྱུད། 2019ལོའི་ཡས་མས་སུ། ཞུས་ལའོ་ཧྥས“མ་དངུལ་གཏོང་མཁན”དང་ངན་འབྲེལ་བྱས་ཏེ“ཧྲེང་ཡོན་ཚོགས་པའི”མིང་ཐོག་ནས་གོ་ཀན་དུ་ཁ་བསླུས་ཁུལ་གསར་སྤེལ་དང་གཉེར་སྐྱོང་བྱས་པ་དང་། རང་ཉིད་ཀྱི་དྲག་ཤུགས་ལ་བརྟེན་ནས“ཧྲེང་ཡོན་ཚོགས་པའི”ཁ་བསླུས་ཁུལ་ཁག་ལ་དྲག་ཤུགས་ཀྱི་འགེབས་སྲུང་བྱས་པ་མ་ཟད། ཚུལ་མིན་ཁེ་ཆེན་པོ་ཡང་བླངས་པ་རེད།

    “ཧྲེང་ཡོན་ཚོགས་པའི”ཞུས་ལའོ་ཧྥ་ཡིས་ས་གནས་དེ་གའི་ཤུགས་རྐྱེན་སྤྱད་ནས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ“ཚོགས་པ་དང་། གླིང་ཁུལ། ཀུང་སི། ཚོགས་ཆུང”བཅས་སྒྲིག་འཛུགས་དམ་ཟབ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་22ཟིན་པའི་གཞི་ཁྱོན་ཆེ་བའི་ཁ་བསླུས་གླིང་14རིམ་བཞིན་བཙུགས་པ་རེད།

    སྔར་ཡོད་ཀྱི་དྲག་ཤུགས་ཀྱིས་ཁ་བསླུས་སྲུང་སྐྱོང་གི་དགོས་མཁོ་སྐོང་མི་ཐུབ་པས། ཞུས་ལའོ་ཧྥས་2021ལོར“ཤིན་ཕིང་ཁྲོམ་གཞུང་ཡུལ་དམག་རུ་ཁག”བཙུགས་ནས“རུ་ཆེན་དང་། རུ་འབྲིང་། པན་དང་ཚོགས་ཆུང”བཅས་ཀྱི་རིམ་པ་ཁ་གསལ་ཡོད་པའི་དྲག་ཤུགས་བཙུགས་པ་དང་། དམག་ཤུགས་400ལྷག་ཙམ་གསོ་སྐྱོང་བྱས་ནས་ཁ་བསླུས་ཁུལ་ལ་དྲག་པོའི་གཏུམ་སྤྱོད་དོ་དམ་ཚོད་འཛིན་བྱས་པ་རེད།

    ཞུས་ལའོ་ཧྥའི་འགེབས་སྲུང་དང་རྒྱ་ཡན་འོག ཁ་བསླུས་ཁུལ་གྱི་དོ་དམ་མི་སྣས་མནར་གཅོད་དང་། ཉེས་རྡུང་། “འཆལ་རྒྱན་དུག་གསུམ”སོགས་ཀྱི་ངན་ཐབས་སྤྱད་དེ། རིམ་པ་དམའ་བའི་གློག་འཕྲིན་ཁ་བསླུས་མི་སྣར་བཙན་སྐུལ་བྱས་པ་མ་ཟད། ཐ་ན་དོ་དམ་ལ་བརྩི་སྲུང་མི་ཞུ་བ་དང་ཁ་བསླུས་རྒྱག་མི་ཐུབ་པའི་མི་གསོད་ཀྱི་ཡོད་པ་རེད།

    ས་ཆའི་བོགས་དངུལ་དང་། བདེ་འཇགས་གྲོན་དངུལ་སོགས་བསྡུ་ལེན་བྱེད་པའི་རྣམ་པ་བརྒྱུད། ཞུས་ལའོ་ཧྥས་ཁྲིམས་འགལ་གྱི་ཁེ་སྤོགས་འབོར་ཆེན་འཕྲོག་ལེན་བྱས་པ་དང་དྲག་ཤུགས་ཆེ་རུ་བཏང་སྟེ་ཁ་བསླུས་ཚོགས་པ་དང་ངན་འབྲེལ་དམ་ཟབ་དང་ཕན་ཚུན་བརྟེན་རེས་བྱས་པས། “ཁ་བསླུས་ལ་བརྟེན་ནས་དམག་མི་གསོ་སྐྱོང་དང་། དམག་མིར་བརྟེན་ནས་ཁ་བསླུས་བྱེད་པར་སྲུང་སྐྱོབ”ཀྱི་ཉེས་གསོག་ཚོགས་པ་ཆགས་ཏེ། འབར་མའི་བྱང་རྒྱུད་གོ་ཀན་ས་ཁུལ་གྱི་གསར་དར་ས་གནས་དྲག་ཤུགས་ཀྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་གྱུར་ཡོད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཞུས་ལའོ་ཧྥའི་ཉེས་གསོག་ཚོགས་པས་ཁ་བསླུས་སོགས་ཀྱི་གྱོད་གཞི་3400ལྷག་ཙམ་བརྩམས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་དུང་ཕྱུར་11ལྷག་ཙམ་ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག ཞིབ་འཇུག་དང་བརྡར་གཅོད་གཏིང་ཟབ་བྱས་པ་བརྒྱུད། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་ད་དུང་ཞུས་ལའོ་ཧྥ་ལ་དུག་རྫས་ལྐོག་འདྲེན་ལྐོག་འཚོང་སོགས་ཀྱི་ཉེས་གསོག་གི་དོགས་པ་ཡོད་པ་ཤེས་རྟོགས་བྱུང་།

    2024ལོའི་ཟླ་8པར། ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེས་ཅན་གཏེ་པོ་ཞུས་ལའོ་ཧྥ་དང་དེའི་རྐང་འཛིན་ཁོངས་མི་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱེད་པར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།