ལོ་13རིང་ས་འོག་མེ་འཁོར་གྱི་དཔེ་མཛོད་ཁང་གིས་གྲོང་ཁྱེར་ལ་དཔེ་ཀློག་གི་རྣམ་པ་ཟབ་མོ་བཏོད་པ།
གྲོང་ཁྱེར་ནི་མི་སྣ་འདུ་འཛོམས་ཆེ་ཞིང་འཚོ་བའི་གོམ་བགྲོད་མགྱོགས་པའི་གནས་ཤིག་རེད། ས་འོག་མེ་འཁོར་སྡོད་སྐབས། མི་ཕལ་ཆེ་བས་ལག་ཐོགས་ཁ་པར་ལྟ་བ་དང་གཞས་ཉན་པ་སོགས་ལ་བརྟེན་ནས་དུས་འདས་པར་བྱེད་ཀྱི་ཡོད་མོད། འོན་ཀྱང་ཧུའུ་པེ་ཝུའུ་ཧན་དུ་ས་འོག་མེ་འཁོར་ལ་སྡོད་སྐབས། དཔེ་ཀློག་ནི་མི་མི་ཉུང་བ་ཞིག་གི་གདམ་ག་ཡག་ཤོས་སུ་གྱུར་ཡོད། ཝུའུ་ཧན་གྱི་གྲོང་མི་ཐའོ་ལན་གྱིས“ང་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད། དཔེ་དེབ་བལྟས་ན་སེམས་པ་ལྷོད་ལ་བབས་ཀྱི་འདུག”ཅེས་བཤད།
ཐའོ་ལན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་སུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་ལས་ཐག་བཅད་རྗེས་ཁོང་ས་འོག་མེ་འཁོར་ལ་བསྡད་ནས་ཁྱིམ་དུ་ལོག་གི་ཡོད། ས་འོག་མེ་འཁོར་གྱི་དཔེ་མཛོད་ཁང་ནི་ཁོང་རྟག་དུ་འགྲོ་སའི་ས་ཆ་ཞིག་རེད། ས་འོག་མེ་འཁོར་གྱི་དཔེ་མཛོད་ཁང་དུ་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་ཏེ་དཔེ་དེབ་རང་མོས་ངང་ལྟ་ཀློག་བྱེད་ཆོག་པས། དེ་ནི་འདས་ཟིན་པའི་ལོ་10ལྷག་ཙམ་རིང་ཁོང་གི་རྒྱུན་གཏན་འཚོ་བའི་ཁྲོད་ཆེས་སྐྱིད་སྣང་དོད་ཤོས་སུ་གྱུར་ཡོད།
དཔེ་དེབ་གཡར་བདེ་བ་མ་ཟད་ཕྱིར་སློག་དུས་དེ་བས་སྟབས་བདེ་པོ་ཡོད། “ས་འོག་མེ་འཁོར་གྱི་དཔེ་མཛོད་ཁང་གང་རུང་ནས་དཔེ་དེབ་ཕྱིར་སློག་ཆོག་གི་ཡོད” ཐའོ་ལན་གྱིས། ས་འོག་མེ་འཁོར་གྱི་དཔེ་མཛོད་ཁང་དང་ཝུའུ་ཧན་དཔེ་མཛོད་ཁང་ཕན་ཚུན་དཔེ་དེབ་གཡར་བ་དང་ཕྱིར་སློག་པ་གང་རུང་བྱེད་ཆོག་པས། “ཝུའུ་ཧན་དཔེ་མཛོད་ཁང་དེ་ས་འོག་མེ་འཁོར་འབབ་ཚུགས་སུ་སྤོས་པ་དང་གཅིག་མཚུངས་རེད”ཅེས་བཤད།
ཝུའུ་ཧན་ས་འོག་མེ་འཁོར་ལམ་ཐིག་2པའི་ལུའོ་ཞུང་ལམ་འབབ་ཚུགས་སུ“སེམས་ཁམས་རིག་པའི་མགོ་འཁོར་ཕོ་བྲང་ནས་དོན་པ”ཞེས་པ་ནི་འབབ་ཚུགས་དེའི་དཔེ་མཛོད་ཁང་གི་བརྗོད་དོན་གཙོ་བོ་ཡིན་ཞིང་། དེ་གར་མང་ཆེ་བ་སེམས་ཁམས་རིག་པའི་སྐོར་གྱི་དཔེ་དེབ་རེད། ཝུའུ་ཧན་ས་འོག་ལྕགས་ལམ་ཚོགས་པའི་ཏང་དམངས་ལས་དོན་པུའུ་ཡི་དྲིལ་བསྒྲགས་ཀྱི་འགན་གཙོ་བོ་འཁུར་མཁན་ཧོང་ཡན་གྱིས“འབབ་ཚུགས་འདི་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་ཉེ་འགྲམ་དུ་ཡོད། འགྲུལ་པ་ཚོས་སེམས་ཁམས་རིག་པའི་སྐོར་གྱི་དཔེ་དེབ་ལ་དགའ་པོ་བྱེད་ཀྱི་འདུག་ལ། དཔེ་དེབ་དེ་རིགས་ས་འོག་མེ་འཁོར་ནང་བལྟས་ནའང་འཚམ་པོ་ཡོད”ཅེས་བཤད།
2012ལོར་ཝུའུ་ཧན་ས་འོག་མེ་འཁོར་ལམ་ཐིག་2པ་ཤར་གཏོང་ཐུབ་པ་དང་ཆབས་ཅིག དཔེ་མཛོད་ཁང་དེའང་མེ་འཁོར་བབས་ཚུགས་སུ་སྒོ་ཕྱེ་བ་རེད། “ལམ་ཐིག་2པའི་ལམ་རྒྱུད་དུ་ཐོག་མར་དཔེ་མཛོད་ཁང་21བསྐྲུན་པ་དང་། དཔེ་མཛོད་ཁང་ཚང་མར་དཔེ་དེབ་400ལྷག་ཙམ་བསྒྲིགས་པའི་ནང་སྙན་ངག་དང་། བྱིས་པའི་དཔེ་དེབ། མཚན་ཉིད་རིག་པ། ལོ་རྒྱུས། རྣམ་ཐར། དོ་དམ་སོགས་ཀྱི་དཔེ་དེབ་སྣ་ཁ་10ལྷག་ཙམ་ཡོད”ཅེས་ཧོང་ཡན་གྱིས་བཤད།
དེའི་རྗེས་སུ་ཝུའུ་ཧན་གྱི་ལྕགས་ལམ་འགྲིམ་འགྲུལ་ལ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཏེ། ས་འོག་མེ་འཁོར་འབབ་ཚུགས་ཀྱི་དཔེ་མཛོད་ཁང་ཡང་ས་འོག་ལྕགས་ལམ་གྱི་ལམ་ཐིག་སྣུར་སྲིང་བྱས་པ་དང་བསྟུན་ནས་གྲོང་ཁྱེར་གྱི་གྲུ་ཟུར་མང་པོར་ཁྱབ་ཡོད། 2024ལོའི་ལོ་མཇུག་བར། ཝུའུ་ཧན་ལྕགས་ལམ་འགྲིམ་འགྲུལ་དྲ་བའི་འཁོར་སྐྱོད་ལམ་ཐིག་12ཀྱི་མེ་འཁོར་འབབ་ཚུགས་312སུ་དཔེ་མཛོད་ཁང་150ལྷག་ཙམ་བཙུགས་པ་རེད། དུས་ཡུན་རིང་པོའི་ནང་ཝུའུ་ཧན་ས་འོག་མེ་འཁོར་འབབ་ཚུགས་ཀྱི་དཔེ་མཛོད་ཁང་ནི་ལས་བྲེལ་ཆེ་ཞིང་དཔེ་ཀློག་ལ་དགའ་བའི་མི་མི་མི་ཉུང་བ་ཞིག་གི་སེམས་པ་གཏད་སར་གྱུར་ཡོད། 2022ལོར་ཝུའུ་ཧན་ས་འོག་མེ་འཁོར་འབབ་ཚུགས་ཀྱིས་གྲངས་འཛིན་ལྟ་ཀློག་ཐོན་ཁུངས་ནང་འདྲེན་བྱས་ནས་འབབ་ཚུགས་ཁག་གཅིག་གི་དཔེ་མཛོད་ཁང་གི་འགྲམ་དུ་ལྟ་ཀློག་ས་ཚིགས་བཙུགས་པ་རེད།
ཝུའུ་ཧན་ས་འོག་མེ་འཁོར་ལམ་ཐིག་8པའི་ཧོང་ཕུའུ་ལམ་འབབ་ཚུགས་ཀྱི་ལྟ་ཀློག་ས་ཚིགས་སུ་སྐྱོད་སྐབས། ཉན་ཆས་གསུམ་བེད་སྤྱོད་བཏང་དྲགས་པའི་རྐྱེན་གྱིས་རྙིང་ཧྲུལ་ཆགས་ཡོད། ཉན་ཆས་བཏགས་ནས་འཆར་ཤེལ་སྟེང་གི་དཔེ་དེབ་མནན་ཚེ། དཔེ་ཀློག་གི་སྒྲ་གསལ་པོ་ཞིག་རྣ་བར་གྲགས་འོང་། “གལ་ཏེ་དཔེ་དེབ་ཉན་མི་ཚར་བར་འགྲོ་རན་ན། འཆར་ཤེལ་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་ནས་ཨང་རྟགས་ཐོ་འགོད་བྱས་ན་སྒྲ་ལྡན་དཔེ་ཀློག་རང་ཉིད་ཀྱི་ཁ་པར་ནང་ཕབ་ཐུབ” ཝུའུ་ཧན་གྱི་གྲོང་མི་ཧན་ཧྲུའུ་ཏུང་གིས། ཕྱོགས་གཅིག་ནི་སྲོལ་རྒྱུན་གྱི་དཔེ་ཀློག་དང་ཕྱོགས་གཞན་ཞིག་ནི་དེང་དུས་ཀྱི་གློག་རྡུལ་དཔེ་ཀློག་ཡིན་པས། ཀློག་པ་པོ་རྣམ་པས་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པོས་དཔེ་ཀློག་ལ་རོལ་ཆོག་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།