རྒན་གསོ་ལས་སྟེགས་ཀྱིས་མི་དེ་བས་མང་བར་ཞབས་འདེགས་ཞུས་པ།
བཀྲག་མདངས་འཚེར་ས།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་རྒྱལ་གྱིས་དཔེ་སྟོན་རང་བཞིན་གྱི་སྡེ་ཁུལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་རྒྱ་500དང་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་གྲོགས་རྣམ་པའི་སྡེ་ཁུལ་2990བསྐྲུན་ཡོད་པ་རེད།
“རྨོ་ཀུའོ་ལགས། སེན་མོ་རིང་པོ་སྐྱེས་ན་ང་ལ་གསུངས་རོགས། སོ་སོས་བྲེག་ན་མིག་གིས་གསལ་པོ་མ་མཐོང་བར་རྨ་བཟོས་སྲིད” ཕྱི་དྲོའི་ཆུ་ཚོད་གསུམ་པར་ཧྥུའུ་ཅན་ཝེ་ཧྲང་འཚོ་བའི་ཞབས་ཞུ་ཚད་ཡོད་ཀུང་སིའི་རྒན་རྒོན་ཞབས་ཞུ་བ་ཧོང་ལིན་ཡན་ཧྥུའུ་ཀྲོའུ་ཚང་ཧྲན་ཆུས་ཀའེ་ཧྲན་གྲོང་རྡལ་ན་ཡོད་པའི་ཁེར་ཕྲུག་འདས་པའི་རྒན་རྒོན་ཀུའོ་པའོ་དབྱིན་གྱི་ཁྱིམ་དུ་ཡོང་བ་རེད།
ཆུ་ཚོད་གསུམ་གྱི་སྒོ་རྩར་སྐྱོད་ནས་ཞབས་ཞུའི་དུས་ཡུན་རིང་པོ་མེད་ཀྱང་ནང་དོན་མི་ཉུང་བ་ཞིག་ཡོད་དེ། སེན་མོ་འབྲེག་པར་སྐར་མ་10དང་། ཚལ་ཉོས་ནས་ལྟོ་བཟོ་བར་སྐར་མ་40 གཙང་སྦྲ་བྱེད་པར་སྐར་མ་60བཅས་ལ་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡོལ་གྱི་འདུག “རྨོ་ལགས། གདོང་གཤིས་ཡག་པོ་འདུག ངེད་གཉིས་མཉམ་པར་ཞིག་བརྒྱབ་ཏོ” ཧོང་ལིན་ཡན་གྱིས་མཉམ་པར་དེ་རིག་ལྡན་རྒན་གསོ་ཞབས་ཞུའི་ལས་སྟེགས་ཐོག་བསྐུར་རྗེས་ཐེངས་འདིའི་ཞབས་ཞུ་གཞི་ནས་མཇུག་འགྲིལ་བ་རེད།
“ཞའོ་ཧོང་གི་རོགས་རམ་ཡོད་པས་ངའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག” ཧོང་ལིན་ཡན་གྱིས་ལས་ཀ་བྱེད་པར་ལྟ་བཞིན་ཀུའོ་པའོ་དབྱིན་སེམས་འགུལ་ཆེན་པོ་ཐེབས།
རིག་ལྡན་རྒན་གསོ་ཞབས་ཞུའི་ལས་སྟེགས་དེ་ནི་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་2020ལོར་བཙུགས་ཤིང་ལག་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་དང་། གཙང་སྦྲའི་ཞབས་ཞུ། སྨན་བཅོས་ཞབས་ཞུ་བཅས་ཀྱི་དགོས་མཁོ་དང་རྒན་གསོ་སྒྲིག་གཞིའི་སྒོ་རྩར་སྐྱོད་པའི་ཞབས་ཞུ་བསྡུ་སྒྲིལ་བྱས་པ་རེད། ལས་སྟེགས་དེས་བདག་སྐྱོང་ཞབས་ཞུ་བ་ཁྲི་1ལྷག་བསྡུས་ནས་རྒན་རྒོན་ཁྲི་4.6ལྷག་ལ་རྒན་གསོའི་ཞབས་འདེགས་ཞུ་གི་ཡོད་པ་རེད། སྒོ་རྩར་སྐྱོད་པའི་ཞབས་ཞུའི་དོན་གནད་མང་ཞིང་ཁྱབ་རྒྱ་ཡངས་པས་ལས་སྟེགས་ཀྱིས་ཞབས་ཞུའི་སྤུས་ཚད་ལྟ་འདོམས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་གི་ཡོད། “སྒོ་འཛུལ་བ་ནས་བཟུང་། ཞབས་ཞུའི་ལས་ཀ་ཚང་མ་པར་བླངས་ནས་ཟིན་ཐོར་འགོད་དགོས། ལས་སྟེགས་ཀྱིས་དུས་ཐོག་ཏུ་ལྟ་སྐུལ་བྱེད་ཀྱི་ཡོད་ལ་རྒན་རྒོན་ཚོས་ཀྱང་ལས་སྟེགས་ཐོག་གདེང་འཇོག་བྱེད་ཆོག”ཅེས་ཝེ་ཧྲང་འཚོ་བའི་ཚང་ཧྲན་ཆུས་རྣམ་གྲངས་ཀྱི་ཅིང་ལི་ལིན་ཝུན་ཕེང་གིས་ངོ་སྤྲོད་བྱས་པ་དང་། ཕྱོགས་གསུམ་པའི་ཞབས་ཞུ་ཚོང་པ་ཡིན་པའི་ཆ་ནས། ཀུང་སི་དེས་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་རྒན་གསོ་ཞབས་ཞུའི་རྣམ་གྲངས་ཁག་ཅིག་གི་སྒྲུབ་འགན་འཁུར་ནས་ཁྱིམ་སྡོད་རྒན་གསོའི་སྒོ་བཅར་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
“རྒན་རྒོན་ཚོར་དགོས་མཁོ་ཡོད་པ་དང་ལས་སྟེགས་ཀྱིས་ལྟ་འདོམས་བྱེད་ཀྱི་ཡོད་པས་ལས་ཀ་ཧུར་ཐག་བྱེད་དགོས” ལོ་ཁ་ཤས་གོང་ལས་ཀར་ཞུགས་མ་ཐག་གཙང་སྦྲའི་ཞབས་ཞུ་དང་། བཟའ་བཏུང་ཞབས་ཞུ་སོགས་རྒྱུན་མཐོང་གི་ཞབས་ཞུ་ཁ་ཤས་ལས་ཞུ་གི་མ་རེད་བསམས་བྱུང་། ཡིན་ན་ཡང་ལས་ཀ་བྱེད་སྐབས་ནུས་མེད་རྒན་རྒོན་འཕྲད་ཚེ་དེར་འགྲོ་སྐྱོད་ཞབས་ཞུ་དང་སྨན་བཅོས་ཞབས་ཞུ་སོགས་ཀྱང་བྱེད་དགོས་ཀྱི་འདུག་ཅེས་ཧོང་ལིན་ཡན་གྱིས་བཤད།
ཞབས་ཞུའི་ལས་སྟེགས་བཙུགས་ནས་ཁྱིམ་སྡོད་རྒན་གསོའི་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ་ཕུད། མཁྲེགས་ཆས་སྒྲིག་བཀོད་ཀྱང་མེད་དུ་མི་རུང་བ་ཞིག་ཡིན།
ཧྥུའུ་ཀྲོའུ་ཅིན་ཨན་ཆུས་དབྱང་ཞཱ་ཏུང་སྡེ་ཁུལ་གྱི་ལོ་74ལ་སླེབས་པའི་མི་ཧྲེང་རྒན་རྒོན་ལིན་ཆན་ཕིང་གི་སྔས་མགོར་དམར་ཕྱིའི་ཉེན་བརྡ་གཏོང་ཆས་ཤིག་བསྒར་ཡོད། སྒྲིག་ཆས་དེ་བརྒྱུད་རྒན་རྒོན་ལིན་ཆན་ཕིང་གི་གནས་ཚུལ་སྡེ་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་སྟེང་མངོན་གྱི་ཡོད། “དུས་ཡུན་རིང་པོར་ཉལ་ནས་ཡར་མ་ལངས་པའམ་ཡང་ན་འགུལ་སྐྱོད་ཅི་ཡང་མེད་ཚེ། སྒྲིག་ཆས་དེས་སྡེ་ཁུལ་གྱི་ལས་དོན་པ་དང་རྒན་རྒོན་ཞབས་ཞུ་བ་ཚོར་སྒོ་རྩར་བསྐྱོད་དེ་ལྟ་ཞིབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་དབྱང་ཞཱ་ཏུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཐང་ཡན་གྱིས་བཤད།
ཧྥུའུ་ཀྲོའུ་ཡི་རིམ་པ་མང་བའི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་སྒྲིག་གཞི་3314རིག་ལྡན་རྒན་གསོ་ཞབས་ཞུའི་ལས་སྟེགས་ཀྱི་ལྟ་འདོམས་བྱེད་ཁོངས་སུ་བཅུག་ཡོད། རིམ་རྩིས་བརྒྱབ་ན་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་མངགས་ཐོ་ཁྲི་130ལེགས་སྒྲུབ་བྱས་པར་ཞབས་ཞུའི་གྲོན་དངུལ་སྒོར་ཁྲི་8000བཏང་བ་དང་། གྲོང་ཁྱེར་དེ་ཡོངས་སུ་ཁྱོན་ཁྱིམ་སྡོད་སྡེ་ཁུལ་རྒན་གསོའི་ལྟ་སྐྱོང་ལྟེ་གནས་101དང་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ས་ཚིགས་470བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།