“ཀྲུང་གོ་ནི་ད་ལྟ་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལྟེ་གནས་གལ་ཆེན་རེད་ལ་འབྱུང་འགྱུར་ཡང་སྔར་བཞིན་རེད”
ཧོ་ལན་གོང་མ་ཚང་ཧྥེ་ལི་ཕུའུ་ཀུང་སིའི་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་ལ་བཅར་འདྲི་བྱས་པ།

ཅ་པོ་རུའེ།
“ཀྲུང་གོ་ནི་ཧྥེ་ལི་ཕུའི་གོ་ལ་ཧྲིལ་པོའི་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན་པས། ཀྲུང་གོའི་འཕེལ་རྒྱས་ལ་ཤེས་རྟོགས་བྱ་རྒྱུ་ནི་ང་ཚོའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་རེད། ཀྲུང་གོའི་ཁྲོམ་ར་དང་འཚམ་མཐུན་ཡོང་བར་བྱེད་ཆེད། ངས་དུས་ཚིགས་རེར་ཀྲུང་གོར་ཐེངས་རེ་འགྲོ་གི་ཡོད། ད་ལོ་ཚུན་དུ་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་འཛད་སྤྱོད་ཁྲོམ་ར་བརྟན་འཕར་གྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ་མཐོང་བྱུང་། དེ་ལས་ཧྥེ་ལི་ཕུར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཐོབ་ཡོད”ཅེས་ཉིན་ཤས་གོང་ཧོ་ལན་གོང་མ་ཚང་ཧྥེ་ལི་ཕུའུ་ཀུང་སིའི་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
“ཉེ་དུས་ཀྲུང་གོའི་ཁྲོམ་རའི་འཛད་སྤྱོད་སླར་གསོ་བྱུང་བ་ལ་བརྟེན་ནས་ཀྲུང་གོར་ཡོད་པའི་ཧྥེ་ལི་ཕུའི་ཚོང་ལམ་ཡང་ཡག་ཏུ་སོང་བས་མི་རྣམས་ལ་སྐུལ་ལྕག་ཐེབས་ཡོད”ཅེས་དང་2024ལོར་ཧྥེ་ལི་ཕུའུ་ཡི་བདེ་ཐང་འཚོ་བའི་ལས་སྒོས་གོ་ལ་ཧྲིལ་པོའི་བྲིན་ཚོང་གྲངས་འབོར་གྱི་20%ཙམ་བཟུང་ཡོད། ཀྲུང་གོའི་འཛད་སྤྱོད་ཁྲོམ་རས་ལས་སྒོ་དེ་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཅ་པོ་རུའེ་ཡིས། ཧྥེ་ལི་ཕུའུ་ཡིས་ཀྲུང་གོའི་ཤེས་ལྡན་པའི་མཛོད་དང་སྐྱེ་ཁམས་མ་ལག་གསར་གཏོད་སོགས་ཀྱི་ཐོན་ཁུངས་སྤྱད་དེ། ཀྲུང་གོའི་ས་གནས་དེ་གའི་སྨན་བཅོས་མ་ལག་ལ་རྒྱབ་སྐྱོར་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལའང་ལེགས་སྐྱེས་འབུལ་ཐུབ་པའི་ཞིབ་ཕྲའི་བཀོལ་སྤྱོད་ཅིག་གསར་སྤེལ་བྱེད་བཞིན་ཡོད། ཧྥེ་ལི་ཕུའུ་ཡིས་དུས་ཡུན་རིང་པོར་ཀྲུང་གོའི་རྩེར་སོན་སློབ་གྲྭ་དང་། རྩེར་སོན་སྨན་ཁང་། ལས་རིགས་རོགས་ཟླ་བཅས་དང་ཞིབ་འཇུག་མཉམ་ལས་དམ་ཟབ་བྱེད་ཀྱི་ཡོད་ཅེས་དང་། “ཀྲུང་གོའི་སྨན་བཅོས་གསར་གཏོད་ཀྱི་གྲུབ་འབྲས་གོ་ལ་ཧྲིལ་པོར་ཁྱབ་སྤེལ་གཏོང་བཞིན་ཡོད། ཀྲུང་གོའི་མི་ཐབས་རིག་ནུས་འཛུགས་སྐྱོང་གི་ནུས་པ་ལས་ས་གནས་དེ་གའི་སྨན་བཅོས་དགོས་མཁོར་རྒྱབ་སྐྱོར་སྔར་བས་ལེགས་པོ་ཐུབ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་གསར་གཏོད་ལག་ལེན་ལའང་དཔྱད་གཞི་མཁོ་འདོན་ཐུབ་ཀྱི་རེད”ཅེས་བརྗོད་པ་རེད།
“ཀྲུང་གོ་ནི་ད་ལྟ་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལྟེ་གནས་གལ་ཆེན་རེད་ལ་འབྱུང་འགྱུར་ཡང་སྔར་བཞིན་རེད། སྨན་བཅོས་བདེ་ཐང་དང་། འཛད་སྤྱོད་གློག་རྡུལ། རླངས་འཁོར་སོགས་ཁྱབ་ཁོངས་ནས་ཐོན་སྐྱེད་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་མངོན་གྱི་འདུག”ཅེས་དང་། ཀྲུང་གོའི་དཔལ་འབྱོར་འཕར་བའི་ནང་ཐོན་སྒུལ་ཤུགས་ཆེ་བ་དང་བཟོ་སྐྲུན་ལས་རིགས་ཀྱི་ལག་ལེན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། “གསར་གཏོད་རྣམ་པའི་འཕེལ་རྒྱས་དེ་དག་གིས་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་དེ་བས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད”ཅེས་ཅ་པོ་རུའེ་ཡིས་བརྗོད་པ་རེད།
ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་རེད། ཅ་པོ་རུའེ་ཡིས། ཧྥེ་ལི་ཕུའུ་ཡིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་རོགས་ཟླ་སྟོབས་ཆེན་རེད། འབྱུང་འགྱུར་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་དང་། “ང་ཚོས་འབྲེལ་ཟམ་འཛུགས་པ་ལས་འགོག་གྱང་མི་རྩིག་པར་གསར་གཏོད་མ་འཇོག་ལ་ཆ་རྐྱེན་ཡག་ཤོས་སྐྲུན་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད”ཧྥེ་ལི་ཕུའུ་ཡིས་ཡོ་རོབ་དང་ཀྲུང་གོའི་རིག་གཞུང་སྒྲིག་གཞི་དང་། ཀུང་སི། སྨན་ཁང་སོགས་ཤེས་ལྡན་པའི་ཕྱོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།