དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནད་དོན་ཐག་གཅོད་ལེགས་པར་བྱས། དམངས་ཀྱི་སེམས་ཁྲལ་ཡོངས་སུ་བསལ།

    —— མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་ཁ་འབབ་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-22

    སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་ཁ་འབབ་སྡེ་ཁུལ་དུ་སྐྱོད་སྐབས་རླུང་བུའི་གྲང་ངད་རིམ་གྱིས་ཆུང་དུ་སོང་ཞིང་། འདི་ག་ནི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་ཡིན་པ་དང་། དེ་གར་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་11གི་གྲོང་མི་དང་མཉམ་དུ་འཚོ་སྡོད་བྱེད་ཅིང་། མི་སེམས་དྲོ་བའི་གཏམ་རྒྱུད་རེ་རེ་སྒོ་རའི་འཚོ་བ་དང་ཁྱིམ་མཚེས་ཀྱི་དགོད་སྒྲའི་ནང་འདུས་ཡོད།

    “དེ་གར་མི་རིགས་མཐུན་སྒྲིལ་ནི་ཁ་ནས་ཤོད་པ་ཙམ་མིན་པར། གཞན་ལ་རོགས་རམ་གྱིས་མི་སེམས་དྲོ་བར་བྱེད་པ་དང་མང་ཚོགས་ཀྱི་དོན་དག་སེམས་ནང་བཞག་ནས་བྱ་བ་དངོས་བསྒྲུབས་པ་ཞིག་རེད”ཅེས་སེང་གེ་ཁ་འབབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་ཁུར་མཁན་མོང་ཀྲའོ་ཏུང་གིས་བཤད།

    གསར་དུ་བཅའ་སྡོད་བྱས་པའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རུ་དཔོན་མོང་ཀྲའོ་ཏུང་ད་ལོའི་ཟླ་བ་ལྔ་པར་སྡེ་ཁུལ་དུ་འབྱོར་བ་དང་། ཁོང་གིས་རྡོག་ཁྲེས་ཕབ་རྗེས་ངལ་གསོ་མ་བརྒྱབ་པར་ལམ་སེང་དེ་གའི་མི་དང་འབྲེལ་བ་བཙུགས་ཤིང་། ཉིན་བརྒྱའི་བརྟག་ཞིབ་བྱེད་སྒོའི་ཁྲོད་ཁོང་དང་རུ་མི་ཚོས་དྲ་མིག་9དང་དུད་ཚང་1914རུ་བསྐྱོད་དེ་གྲོང་མི་3732ཀྱི་མིང་དང་དེ་བཞིན་ཁྱིམ་ཚང་གི་དཀའ་ངལ་ཚང་མ་ཟིན་བྲིས་ཐོག་བཀོད་པ་མ་ཟད། སེམས་ནང་དུའང་བཞག་ཡོད་པ་རེད།

    མང་ཚོགས་སེམས་ནང་འཇོག་པའི་ལས་ཀའི་རྣམ་འགྱུར་བཟང་པོ་དེ་བྱ་བ་གལ་ཆེན་ཞིག་ལས་ར་སྤྲོད་གང་མགྱོགས་ཐུབ་ཡོད། ད་ལོའི་ཟླ་བ་བདུན་པར། ཆར་པ་བསྟུད་མར་བབས་པའི་དབང་གིས། ལོ་64ལ་སླེབས་པའི་གྲོང་མི་བསྟན་འཛིན་གྱི་ཁྱིམ་དུ་ཆུ་སྐྱོན་བྱུང་བ་རེད། གྲོང་འདབས་སུ་གཞིས་ཆགས་པའི་བསྟན་འཛིན་གྱིས་ཁྱིམ་གྱི་སྒོ་རར་ལྷས་ར་ཞིག་བརྒྱབ་ཡོད་པ་དང་། ནམ་རྒྱུན་ཉེ་འཁོར་གྱི་འབྲོག་རར་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། སྐབས་དེར་གློ་བུར་དུ་དྲག་ཆར་བབས་ཏེ་ཆར་ཆུ་གཤོང་ས་བརྒྱུད་སྒོ་རའི་ནང་བརྒྱུགས་ཏེ་ལུག་ཚང་ཆུས་སྣུབ་ལ་ཁད་བྱས་པ་མ་ཟད། སྡོད་ཁང་དུའང་ཆུ་འཛུལ་ཡོང་གི་ཡོད་པ་རེད།

    “སྐབས་དེ་དུས་ང་རང་དངངས་སྐྲག་ལངས་ཏེ་ག་བྱེད་འདི་བྱེད་མེད་པར་ལུས་པས། ལམ་སེང་སྡེ་ཁུལ་གྱི་ལས་དོན་པར་ཁ་པར་བརྒྱབ་པ་ཡིན”ཞེས་གྲོང་མི་བསྟན་འཛིན་གྱིས་ཕྱིར་དྲན་བྱེད་བཞིན་བཤད།

    ཡུན་རིང་མ་སོང་བར། མོང་ཀྲའོ་ཏུང་གིས་སྡེ་ཁུལ་གྱི་ལས་དོན་པ་ཁྲིད་དེ་ཆར་ཆུར་མ་འཛེམས་པར་རྫབ་ལམ་བརྒྱུད་བསྟན་འཛིན་གྱི་ཁྱིམ་དུ་བསྐྱོད། ཚང་མས་ལས་བགོས་བརྒྱབ་སྟེ་ཁག་གཅིག་གིས་འཁྱིལ་ཆུ་གཤོང་བ་དང་ཁག་གཅིག་གིས་ཆུ་རགས་བརྒྱབ་པར། ཁོང་ཚོའི་ངོ་གདོང་ནས་རྔུལ་ཆུ་དང་ཆར་ཆུ་འདྲེས་མ་བཞུར་བ་མ་ཟད། ལུས་པོ་ཡོངས་འདམ་གྱིས་ཁེངས་རུང་ཚང་མས་ལས་མཚམས་གཏན་ནས་བཞག་མེད།

    སྟབས་ལེགས་པ་ཞིག་ལ། འཁྱིལ་ཆུ་ལམ་སེང་བཤངས་པས་ལུག་ཚང་ལ་སྐྱོན་ཆེན་པོ་བྱུང་མེད། བསྟན་འཛིན་གྱིས་ཚང་མའི་ལག་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས། མོང་ཀྲའོ་ཏུང་གིས་གནས་ཚུལ་དེ་དྲན་རིམ་བཞིན་ཁོང་གིས“བགྲེས་སོང་བློ་བདེ་པོ་བྱུང་བ་མཐོང་སྐབས་དཀའ་ལས་རྒྱག་རིན་ཆོག་སོང་སྙམ་པའི་སྣང་བ་ཞིག་སྐྱེས་བྱུང”ཞེས་བཤད།

    སྡེ་ཁུལ་གྱིས་མང་ཚོགས་ལ་བྱ་བ་བསྒྲུབས་པའི་མི་སེམས་དྲོ་བའི་གཏམ་རྒྱུད་དེ་རིགས་མང་པོ་ཡོད་ཅིང་། རྒན་རྒོན་ལ་སྤྱི་ཚོགས་འགན་བཅོལ་གཱ་གཉེར་རོགས་བྱེད་པ་དང་། སྨན་ཁང་དང་འབྲེལ་བ་བྱས་ནས་སྡེ་ཁུལ་དུ་འོས་འགན་སྨན་བཅོས་བྱེད་པ་སོགས་བྱ་བ་རེ་རེས་མང་ཚོགས་ཀྱི་བསམ་འདུན་བསྒྲུབས་ཡོད། བྱ་བ་དེ་དག་ཆེན་པོ་མེད་རུང་། སེང་གེ་ཁ་འབབ་ངོགས་ཀྱི་ཉི་འོད་ལྟར་གྲོང་མི་ཚང་མའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། སེང་གེ་ཁ་འབབ་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ནི་ཕན་ཚུན་དབར་གྱི་གཅིག་ཕན་གཅིག་རོགས་དང་འཚམས་འདྲིའི་སྐད་ཆ་རེ་རེའི་ནང་འདུས་ཡོད་པས། དེ་ནས་མི་སེམས་དྲོ་བའི་གཏམ་རྒྱུད་མང་པོ་ཐོན་དང་འཐོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།