དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་བཏང་བ།

    ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ས་འབྲེལ་ཆབ་སྲིད་ཞིབ་འཇུག་མཐུན་ཚོགས་འཛུགས་མཁན་པེ་ཏི·པུའུ་ཏི་མན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཚའོ་ཧྲི་ཡུན།   |     སྤེལ་དུས།  2025-10-21

    པེ་ཏི·པུའུ་ཏི་མན།

    འདི་ལོ་ནི་དབན་ལུང་ཚོགས་འདུ་འཚོགས་ནས་ལོ་ངོ་70འཁོར་བའི་ལོ་རེད། ཉིན་ཤས་གོང་། ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ས་འབྲེལ་ཆབ་སྲིད་ཞིབ་འཇུག་མཐུན་ཚོགས་འཛུགས་མཁན་པེ་ཏི·པུའུ་ཏི་མན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་དབན་ལུང་ཚོགས་འདུའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ཡོད། དབན་ལུང་ཚོགས་འདུས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་ཁ་ཕྱོགས་གསལ་སྟོན་བྱས་པས། རྒྱལ་ཁབ་ཁག་སྔར་བས་རང་འགུལ་ངང་དྲང་གཞག་དང་། ཞི་བདེ། རྒྱུན་མཐུད་ཆོག་པ་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་པའི་བྱ་གཞག་ཁྲོད་ཞུགས་པར་བྱས་ཡོད་ཅེས་བརྗོད་པ་རེད།

    པུའུ་ཏི་མན་གྱིས། ཀྲུང་གོས་མཐུན་སྒྲིལ་མཉམ་ལས་ཀྱི་འདོད་ཚུལ་འཛིན་པ་དང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ་མ་ཟད། རྒྱལ་ཁབ་ཁག་གིས་ཧེ་བག་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དེ་བས་སྣ་མང་གི་རྒྱལ་སྤྱིའི་མཉམ་ལས་རྣམ་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། “ཀྲུང་གོའི་འདོད་ཚུལ་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་ནང་གཏིང་ཟབ་འདྲེས་པ་མ་ཟད། མཐུན་སྒྲིལ་དང་། མཛའ་གྲོགས། མཉམ་ལས་བཅས་ཀྱི་དབན་ལུང་གི་སྙིང་སྟོབས་གྲུབ་པར་སྐུལ་མའང་ཐེབས་ཡོད། དབན་ལུང་གི་སྙིང་སྟོབས་ནི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཐུན་མོང་ངོས་འཛིན་གཅིག་སྡུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འདུ་ཤེས་ཀྱི་རྨང་གཞི་ཡིན་པས། ཤུགས་རྐྱེན་ཟབ་མོ་ལྡན་ཡོད་པའི”ངོས་འཛིན་བྱས་པ་རེད།

    པུའུ་ཏི་མན་གྱིས། ལོ་ངོ་70ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དབན་ལུང་གི་སྙིང་སྟོབས་ལག་ལེན་ཧུར་ཐག་བསྟར་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། 2000ལོར་བཙུགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། 2013ལོར་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ། 2015ལོར་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྟབས་བསྟུན་གྱི་མ་དངུལ་བསྡུ་སྒྲིལ་བྱས་པ་སོགས་རེད། “ཀྲུང་གོས་རྒྱལ་སྤྱིའི་སྒྲིག་ལམ་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དེ་ནི་དེང་རབས་ཀྱི་དབན་ལུང་གི་སྙིང་སྟོབས་ཀྱི་མཚོན་ཚུལ་ངོ་མ་ཞིག་རེད”ཅེས་བརྗོད་པ་རེད།

    འདི་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ཞིང་། པུའུ་ཏི་མན་གྱིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2024ལོར་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1478ཟིན་ནས་ཀྲུང་གོ་ཉིད་ལོ་12བསྟུད་མར་ཧིན་རྡུ་ཉི་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་འཇོག་ཡོང་ཁུངས་གཙོ་བོར་གྱུར་ཡོད་ཅེས་བརྗོད་པ་རེད།

    པུའུ་ཏི་མན་གྱིས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ཧིན་རྡུ་ཉི་ཞི་ཡར་ཕན་པ་ཐོབ་ནས་ཅ་དབན་མྱུར་བགྲོད་ལྕགས་ལམ་ཚུད་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱིས་ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་མ་ཟད། ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱང་བསྣན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ད་དུང་ཟོག་འགྲེམས་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡར་མུ་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཆི་ལཱ་ཐ་འཕྱོ་གཡེང་འོད་ཤུགས་གློག་འདོན་རྣམ་གྲངས་སོགས་ཀྱིས་ཧིན་རྡུ་ཉི་ཞི་ཡར་གློག་གཏོང་གནོན་ཤུགས་ཆུང་དུ་གཏོང་རོགས་བྱས་ནས་ནུས་རྒྱུ་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོས་འདྲ་མཉམ་དང་གཉིས་ཕན་མཉམ་ལས་དར་སྤེལ་གཏོང་བ་དེ་དབན་ལུང་གི་སྙིང་སྟོབས་ཀྱི་ནང་དོན་དང་མཐུན་ཡོད། དབན་ལུང་གི་སྙིང་སྟོབས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་མུ་མཐུད་སྣེ་ཁྲིད་བྱ་རྒྱུའི་ཡིད་ཆེས་ཡོད”ཅེས་པུའུ་ཏི་མན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།