ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོཌ་པ་མཉམ་དུ་འཛུགས་པར་སྐུལ་འདེད་བཏང་ནས་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་ལེགས་པར་གཅོག་དགོས།
ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཧ་ཅང་ཟབ་ལ། གནའ་བོའི་དར་གོས་ལམ་བུས་ཨ་རབ་ཀྱི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་འབྲེལ་བ་ཟབ་ཏུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་བཏོད་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེང་སྐབས་ངེས་མེད་རང་བཞིན་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་རེ་བ་བསྣན་ཡོད།
ཨ་རབ་རྒྱལ་ཁབ་དང་ཀྲུང་གོ་གཉིས་ཀས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕན་ཚུན་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། 2016ལོའི་ཟླ་བ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་གསུང་བཤད་གལ་ཆེན་གནང་སྐབས། ཕྱོགས་གཉིས་པོས་འཛམ་གླིང་དབུས་ཤར་གྱི་ཞི་བདེ་གཏོད་མཁན་དང་། འཛམ་གླིང་དབུས་ཤར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། འཛམ་གླིང་དབུས་ཤར་གྱི་བཟོ་ལས་ཅན་ལ་ཕན་སྐུལ་བྱེད་མཁན། འཛམ་གླིང་དབུས་ཤར་གྱི་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་མཁན། འཛམ་གླིང་དབུས་ཤར་གྱི་དམངས་སེམས་གཅིག་འགྲིལ་གྱི་མཉམ་ལས་རོགས་ཟླ་བཅས་བྱེད་དགོས་ཞེས་གསུངས་ཡོད། 2022ལོར་ཀྲུའུ་ཞི་ཞི་ཅིན་ཕིང་སོ་ཏི་ཨ་རབ་ཀྱི་རི་ཡ་ཏེ་རུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་ནས་ཕྱོགས་གཉིས་པོས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མོས་མཐུན་གཅིག་མཚུངས་བྱས་ཡོད། དབུ་ཚོགས་ཐོག་ཡིག་ཆ་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ནས། ཨ་རབ་རྒྱལ་ཁབ་དང་ཀྲུང་གོས་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། “ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”སྤེལ་ནས་ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་ནན་བཤད་བྱས་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབུ་ཚོགས་སྐབས་དང་པོའི་དོན་སྙིང་ནི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ཞིང་། དེས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱས་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་ཐུན་མོང་གི་འབོད་སྒྲ་བསྒྲགས་པ་དང་། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་ཇུས་གཞི་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྲུང་གོར་འཚམས་འདྲིར་ཡང་ཡང་ཕེབས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བར་དང་། དེ་ནས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་བར་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འགོ་ཁྲིད་པས་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་ཐབས་ལམ་ཇུས་འགོད་བྱས་ཡོད།
ཨ་རབ་རྒྱལ་ཁབ་དང་ཀྲུང་གོ་ཕྱོགས་གཉིས་པོའི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཚོང་དོན་དངུལ་འབོར་2004ལོའི་ཨ་སྒོར་དུང་ཕྱུར་367ནས་2024ལོའི་ཨ་སྒོར་དུང་ཕྱུར་4000ལྷག་ཙམ་བར་མང་དུ་ཕྱིན་ནས་ལོ་20ཡི་རིང་ལྡབ་10ལྷག་ཙམ་འཕར་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོར་འཕར་ཏེ་རྒྱལ་སྤྱིའི་གར་སྟེགས་སུ་ཉིན་རེ་བཞིན་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཨ་རབ་རྒྱལ་ཁབ་ཀྱང་རང་ངོས་འཕེལ་རྒྱས་བརྒྱུད་མ་འཇོག་དང་ཚོང་དོན་ལྟེ་གནས་གལ་ཆེན་ལ་གྱུར་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ། རིག་གནས་སྤེལ་རེས་ཉིན་བཞིན་རྒྱ་ཁྱབ་ཏུ་ཕྱིན་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་མི་དམངས་ལ་བདེ་རྩ་ཆེན་པོ་བསྐྲུན་ཡོད།
ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་དང་ཕན་ཚུན་དབར་འདྲ་མཚུངས་ཀྱི་འཕེལ་རྒྱས་འདུ་ཤེས་ཡོད་ལ། ཕྱོགས་གཉིས་པོས་རྒྱལ་སྤྱིའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་པ་དང་། ཤེས་དཔལ་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱེད་པ་མ་ཟད། དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྩོན་ལེན་བྱེད་ཀྱི་ཡོད། འདི་ནི་ཨ་རབ་རྒྱལ་ཁབ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་རྨང་གཞི་བརྟན་པོ་ཞིག་རེད། འབྱུང་འགྱུར་ཕྱོགས་གཉིས་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཁ་ཕྱོགས་ཆེན་པོའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
(རྩོམ་པ་པོ་ནི་ཅོར་ཏན་ཧོ་སའེ་དབྱིན·པུན·ཐཱ་ལཱ་ལེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།