“སྤྱི་དམངས་ལ་བོད་ལྗོངས་ངོ་མ་ཞིག་བརྗོད་འདོད་འདུག”
ལུ་ཙེམ་པོག་གི་བོད་ཀྱི་གནད་དོན་སྐོར་གྱི་མཁས་དབང་ཨར་པོ་ཐེ·ཨའེ་ཐིང་ཀེ་ལ་བཅར་འདྲི་ཞུས་པ།

ཨར་པོ་ཐེ·ཨའེ་ཐིང་ཀེ
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ལོ་ངོ་60ཡི་རིང་། ས་མཐོའི་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འཕོས་པ་ལྟ་བུའི་འགྱུར་ལྡོག་བྱུང་ནས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ལུ་ཙེམ་པོག་གི་མཁས་དབང་ཨར་པོ་ཐེ·ཨའེ་ཐིང་ཀེས་ཡུན་རིང་བོད་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་བྱས་པ་མ་ཟད། བོད་དུ་རྟོག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ཡོད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ངའི་མཐོང་ཐོས་མྱོང་གསུམ་དང་། བསྡུ་རུབ་བྱས་པའི་ཆ་འཕྲིན། བོད་དུ་ངོ་ཤེས་བྱུང་བའི་མི། དེ་བཞིན་སྤེལ་རེས་ཀྱི་ཉམས་མྱོང་བཅས་ཚང་མའི་ཐོག་ནས་བོད་ངོ་མ་དེ་དང་ནུབ་ཕྱོགས་ཀྱི་སྔར་ཡོད་ཀྱི་བག་ཆགས་དབར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་ཤེས་བྱུང”ཞེས་བརྗོད།
ཨའེ་ཐིང་ཀེས་སེམས་ཐག་གཙང་བཅད་ཀྱིས་བོད་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པའི་གོ་སྐབས་ནི་2008ལོའི་སྔ་གཞུག་ཏུ་བྱུང་ཡོད། སྐབས་དེར་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁ་ཤས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱི་ལྟ་ཚུལ་ལ་གཞིགས་ནས་བོད་དང་འབྲེལ་བ་ཡོད་པའི་རྫུན་གཏམ་མང་པོ་སྤེལ་ཡོད། ཁོང་གིས་ནུབ་ཕྱོགས་སྤྱི་དམངས་ཀྱིས་བོད་ལ་ངོས་འཛིན་གཏིང་ཟབ་ཐུབ་མེད་པ་ཤེས་ཡོད། “ངས་ནུབ་ཕྱོགས་ཀྱི་བསླབ་གཞི་འགའ་ཤས་ནང་ཕྱོགས་ཞེན་དང་རྫུན་བཟོའི་ཐོག་ནས་བོད་ཀྱི་སྐོར་བརྗོད་ཡོད་པ་ཤེས་སྐབས་ངེས་པར་དུ་བརྡ་ལན་སློག་དགོས་སྙམ་བྱུང་། ངས་ནུབ་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་སྟངས་དེ་རིགས་ལ་རྒོལ་ལན་བསློགས་ནས་སྤྱི་དམངས་ལ་བོད་ལྗོངས་ངོ་མ་ཞིག་བརྗོད་འདོད་བྱུང”ཨའེ་ཐིང་ཀེས་ངས་བོད་དང་འབྲེལ་བ་ཡོད་པའི་དེབ་གཉིས་བཏོན་ཏེ་ཕྱོགས་མི་འདྲ་བའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ལ་ཞིབ་དཔྱད་བྱས་པ་ཡིན་ཞེས་བརྗོད།
ཨའེ་ཐིང་ཀེས“ངས་དེབ་འདོན་རིང་1951ལོའི་གོང་བོད་ལ་བཅར་འདྲི་བྱེད་མཁན་གྱི་ཟིན་ཐོར་ཞིབ་འཇུག་གཏིང་ཟབ་བྱས་པར་བརྟེན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་འཕོ་འགྱུར་ཆེན་པོར་མྱོང་ཚོར་དེ་བས་ཟབ་མོ་བྱུང་། ངས་བོད་ལ་རྟོག་ཞིབ་བྱེད་པར་ཐེངས་མང་བསྐྱོད་པ་ཡིན། བག་ཆགས་ཟབ་ཤོས་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དེ་རེད་འདུག མཚོ་བོད་ལྕགས་ལམ་གྱིས་འཛམ་གླིང་གི་ལམ་བཟོའི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་། བོད་ལྗོངས་ཉིང་ཁྲི་དང་མངའ་རིས་སོགས་སུ་གནམ་ཐང་བསྐྲུན་ནས་ས་མཐོ་འདི་ཉིད་ཀྲུང་གོའི་རྒྱལ་ཡོངས་ཀྱི་ས་གནས་ཁག་དབར་ཕན་འབྲས་མཐོ་པོས་སྦྲེལ་མཐུད་ཐུབ་པ། བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་བ་དང་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་སྟེ་དམངས་ཚོགས་ཕྱིར་སྐྱོད་དང་། སྨན་པ་བསྟེན་པ། སློབ་གཉེར་བཅས་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད། “དེང་གི་བོད་ལྗོངས་དེང་རབས་ཅན་གྱི་འགྲོ་ལམ་དུ་བསྐྱོད་པ་དང་གྲ་རྒྱས་གོང་འཕེལ་བྱུང་དོན་ནི་རྩ་བ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་བོད་སྐྱོང་མཛད་ཇུས་ལས་བྱུང་བ་ཞིག་རེད”ཅེས་བརྗོད།
“མི་འགའ་ཤས་ཀྱིས་བོད་ཡིག་ལ་འཇིགས་སྐུལ་ཕོག་ཡོད་ཅེས་བརྗོད་མོད། འོན་ཀྱང་མི་ཚང་མས་བོད་སྐད་ཤོད་ཤེས་པ་དང་བོད་ཡིག་འབྲི་ཤེས་ཀྱི་ཡོད། ཡང་མི་ཁ་ཤས་ཀྱིས་ཆོས་ལུགས་ལ་འགོག་གནོན་ཕོག་གི་ཡོད་ཅེས་བརྗོད་མོད། འོན་ཀྱང་ཁྲོམ་གཞུང་དང་དགོན་སྡེ་སོགས་སུ་གནས་མཇལ་བ་དང་གྲྭ་བཙུན་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། ཡང་འགའ་ཤས་ཀྱིས་སྲོལ་རྒྱུན་རིག་གནས་མེད་པར་འགྱུར་གྱི་རེད་ཅེས་བརྗོད་ཀྱི་ཡོད། འོ་ན་བོད་ལྗོངས་སློབ་ཆེན་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་གནའ་དཔེ་ཉམས་གསོ་བྱེད་པའི་དོན་དངོས་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ” ཨའེ་ཐིང་ཀེས་མཐོང་བ་བརྒྱ་ལས་ཐོས་པ་གཅིག་དགའ། ལོ་ངོ་60ཡི་རིང་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། རིག་གནས་སོགས་ཁྱབ་ཁོངས་སུ་མ་དངུལ་འབོར་ཆེན་བཏང་བས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད་ལ། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལའང་འགན་ལེན་བརྟན་པོ་བྱུང་ཡོད་ཅེས་བརྗོད། “བོད་ཀྱི་སྒྱུ་རྩལ་དང་རིག་གནས་འཕེལ་རྒྱས་དེ་ད་ཆ་སྔོན་མའི་དུས་ཚོད་ཇི་འདྲ་ཞིག་ལས་ཀྱང་གསོན་ཤུགས་རབ་ཏུ་རྒྱས་ཡོད”
འབྲེལ་ཡོད་གསར་འགྱུར།