གྲོས་གཞི“ཤོག་ཐོག”ནས“ལག་ལེན”དུ་འཁྱོལ་བར་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་བློ་བཟང་བྱམས་པའི་སྐོར་བཀོད་པ།
“གྲོས་གཞི་ནི་ཤོག་ཐོག་ཏུ་བྲིས་པའི་རྩོམ་ཡིག་མ་ཡིན་པར། ལག་ལེན་དངོས་སུ་དོན་འཁྱོལ་བྱེད་དགོས་པ་ཞིག་རེད”ཅེས་སྟོད་ལུང་བདེ་ཆེན་ཆུས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་བློ་བཟང་བྱམས་པས་འདི་ལྟར་བརྗོད། སྲིད་གྲོས་ཀྱི་ལས་གནས་སུ་ལོ་བཅུ་ཙམ་དཀའ་བ་སྤྱད་མྱོང་བའི“སྲིད་གྲོས་ཨུ་ཡོན་རྒན་གྲས”ཁོང་གིས་དངོས་སྒྲུབ་དང་འགན་འཁྲིར་བརྟེན་ནས་གྲོས་གཞི་རེ་རེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པའི་བྱ་བ་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།
2016ལོར། བློ་བཟང་བྱམས་པས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་ཐོག་མར་ཁུར་སྐབས། “གྲོས་གཞི་འདོན་མཁན་དང་བདག་སྤྲོད་བྱེད་མཁན་དབར་འབྲེལ་མཐུད་གཅིག་མཐུན་མ་བྱུང་བའི”དཀའ་ངལ་བརྒྱུད་མྱོང་ཡོད། “སྐབས་དེ་དུས་གྲོས་གཞི་ཕུལ་དུ་བྱུང་བ་འདེམས་མིན་དང་གྲོས་མོལ་ཚོགས་འདུར་འགོ་ཁྲིད་ཀྱི་ཁས་ལེན་ཐོབ་མིན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད” འོན་ཀྱང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས། ཁོང་གི་དོ་ཁུར་བྱ་ཡུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་སྟེ། “ད་ལྟ་ངས་གྲོས་འགོ་ལག་ལེན་དུ་བསྟར་ཐུབ་མིན་དང་མང་ཚོགས་ལ་ཕན་པ་ཐོབ་མིན་ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད”ཅེས་བརྗོད།
2020ལོར། སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གི་སྒོ་འགྲམ་དུ་མི་དང་རླངས་འཁོར་གང་བྱུང་དུ་འགྲོ་སྐྱོད་བྱེད་བཞིན་ཡོད་ཅིང་། དེར་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཡོད་པའི་གནད་དོན་ལ་དམིགས་ནས། སྟོད་ལུང་བདེ་ཆེན་ཆུས་སྲིད་གྲོས་ཀྱིས“མི་སྐྱོད་སྤྲིན་ཟམ་སྐྲུན་པའི”
གྲོས་གཞི་བཏོན་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག མི་སྐྱོད་སྤྲིན་ཟམ་མགྱོགས་མྱུར་བསྐྲུན་ཐུབ་པ་བྱུང་ཡོད། “ཕྲུ་གུ་ཚོས་དཔེ་ཁུག་ཁུར་ནས་སྤྲིན་ཟམ་སྒྲོལ་བ་མཐོང་སྐབས། ང་ཚོའི་གྲོས་གཞིའི་ལས་དོན་ལ་རིན་ཐང་ཆེན་པོ་ལྡན་པ་ངར་དེ་བས་ཡིད་ཆེས་བརྟན་པོ་བྱུང”ཞེས་བློ་བཟང་བྱམས་པས་བཤད།
བཟང་མོ་གྲོང་ཚོར་འཕྲད་པའི་ལོ་མང་གི་ཆུ་འབུད་དཀའ་གནད་ཐག་གཅོད་བྱས་པ་ནས། གཞི་རིམ་གྲོས་མོལ་དོན་གྲོས་ཚོགས་འདུའི་ཐོག་མི་སེར་གྱི་འཛུམ་མདངས་འཕྱུར་བའི་བར། མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་བའི་ས་འོག་ཆུ་འགྲོའི་ལས་གྲྭ་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.7ལྷག་ཙམ་བཏང་བའི་གྲོང་ཁྱེར་སྤྱི་གླིང་རྣམ་གྲངས་སོགས། འགྱུར་ལྡོག་དེ་དག་ནི་གྲོས་གཞི་བསྐྱར་སྒྲུབ་བྱེད་ཚད་100%དང་། ལོ་འཁོར་གྱི་གྲོས་གཞི་ལེགས་སྒྲུབ་ཐུབ་ཚད་85%ལས་བརྒལ་བ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་98%ལས་བརྒལ་བ་བཅས་ཀྱི་གྲུབ་འབྲས་ཕུལ་བྱུང་ལས་བྱུང་བ་ཞིག་རེད།
འགན་འཁྲི་སྒྲུབ་པའི“མཐའ་མའི་འགག་གནད” ཤར་གཏོང་ཐུབ་ཆེད། 2016ལོར་འགན་ཁུར་མ་ཐག་པའི་བློ་བཟང་བྱམས་པས་གཟའ་འཁོར་གཉིས་ཀྱི་དུས་ཚོད་ནང་ཤང་དང་གྲོང་རྡལ་དྲུག་ཏུ་བསྐྱོད་དེ། ལྷ་ས་གྲོང་ཁྱེར་དུ་ཤང་དང་གྲོང་རྡལ་གྱི“སྲིད་གྲོས་ཨུ་ཡོན་གྱི་ཁྱིམ་གཞིས”ཀུན་གྱི་སྔོན་ལ་བཙུགས་ནས་འབྲེལ་གཏུག་མི་སྣ་ཆ་ཚང་བཀོད་སྒྲིག་བྱས་པ་མ་ཟད། འབྲེལ་གཏུག་མཛུབ་ཁྲིད་ལམ་ལུགས་ཀྱང་བཙུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།