དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མ་བྱན་རྒད་པོ་ཅིན་ཧྲེང་ཧྥང་གི་མི་ཚེའི་མྱོང་བ་བརྗོད་པ།

    ས་རྡོའི་ལམ་བུ་ནས་སྣུམ་ནག་གཞུང་ལམ་བར་གྱི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-21

    མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཧོ་ཤིས་ཁྲོམ་གཞུང་ཝང་ལིའུ་ཀྲོང་སྡེ་ཁུལ་གྱི་ཁང་ཧྲུལ་ཞིག་གི་ནང་ལོ་84ལ་སླེབས་པའི་ཅིང་ཧྲེང་ཧྥང་གིས་ལྕགས་ཐབ་ནང་རྡོ་སོལ་བུད་བཞིན་ཡོད་ཅིང་། རྒད་པོས་དམར་ལམ་ལམ་དུ་འབར་བའི་མེ་ལྕེར་ལྟ་བཞིན“མེ་འདི་མཐོང་སྐབས་སྔོན་མ་བྲག་སྨུག་ཏུ་མ་བྱན་བྱེད་སྐབས་ཀྱི་འདས་དོན་དྲན་བྱུང”ཞེས་བརྗོད།

    ཁོང་གིས་འཁྱགས་སྦོས་ཐེབས་ནས་རྨ་ཡིས་ཁེངས་པའི་ལག་གཡས་པས་ནུབ་ཕྱོགས་ལ་མཛུབ་་མོ་བཙུགས་ཏེ“སྐབས་དེ་དུས་ཀྱི་བྲག་སྨུག་ས་ཚིགས་ནི་མཚོ་བོད་ལམ་ཐིག་ཐོག་ས་ཆ་འཁྲུག་ཤོས་ཤིག་རེད། ས་ཕག་ཁང་པ་20ལྷག་ཙམ་གངས་རིའི་གཤམ་དུ་སྟར་ཆགས་སུ་གནས་ཡོད་པ་དང་། གྱང་གི་མཐོ་ཚད་ལ་སྨི་གཉིས་ཀྱང་ཟིན་གྱི་མེད། དྲག་རླུང་ལྡང་རིམ་བཞིན་ལྕགས་ཤོག་ཐོག་བཀབ་པའི་ཁང་པ་ནས“ཏང་ཏང”གི་སྒྲ་བར་མེད་གྲགས་ཀྱི་ཡོད་པ་དང་། ཉིན་ལྟར་ནམ་མ་ལངས་གོང་ནས་མ་བྱན་པན་གྱི་དུ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་གྱི་ཡོད། ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་ཚང་མས་ལེ་དབར་བཅུ་ཡི་ས་ནས་དྲོ་སོབ་སོབ་ཀྱི་རྣམ་པ་དེ་མཐོང་གི་འདུག་ཅེས་ཤོད་ཀྱི་ཡོད”ཅེས་བརྗོད་པ་དང་། རྒད་པོའི་མིག་ཟུང་གི་མདའ་མོ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་དང་མཉམ་དུ་བྱང་ཐང་ས་མཐོའི་མཐིལ་དུ་འཕངས།

    1974ལོར། ཧྲའན་ཤིས་ནས་ཡོང་བའི་ཕོ་གཞོན་ཅིན་ཧྲེང་ཧྥང་དེ་སྔའི་གོར་མོར་བཅའ་སྡོད་བོད་ལྗོངས་འགྲིམ་འགྲུལ་ཐིང་སྐྱེལ་འདྲེན་སྤྱི་ཁྱབ་ཀུང་སིའི་སྐྱེལ་འདྲེན་སྤྱི་ཁྱབ་ས་ཚིགས་ཀྱི་བྲག་སྨུག་ས་ཚིགས་སུ་ལས་བགོས་བརྒྱབ། དེའི་རྗེས་ཀྱི་མི་ལོ་ཉི་ཤུའི་རིང་མ་བྱན་ནས་ཀྲན་ཀྲང་བར། ཁོང་གིས་བཟོས་པའི་མོག་མོག་རླངས་པ་འཚུབ་འཚུབ་ཀྱིས་གངས་གསོག་ཁྲོད་ལུས་པའི་རླངས་འཁོར་རུ་ཁག་གི་བཀྲེས་ལྟོགས་བསལ་བ་དང་། ཁོང་གནས་སའི་བྲག་སྨུག་ས་ཚིགས་ཀྱིས་ཀྱང་འབར་འབུར་གྱི་འགྲོ་ལམ་ནས་ཁོད་སྙོམས་གཞུང་ལམ་བར་གྱི་ས་མཐོའི་འགྲིམ་འགྲུལ་ལ་བྱུང་བའི་འཕོ་འགྱུར་བདེན་དཔང་བྱས་ཡོད།

    གངས་རླུང་ཁྲོད་ཀྱི་མེ་ཐབ། ས་མཐོའི་སྲོག་ཐིག་གི་དྲོ་སྐྱིད།

    བྲག་སྨུག་གྲོང་རྡལ་ནི་མཚོ་བོད་གཞུང་ལམ་བརྒྱུད་མཚོ་སྔོན་ནས་བོད་ལ་ཡོང་སའི་ས་ཚིགས་དང་པོ་དེ་ཡིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4721ཟིན་གྱི་ཡོད།

    “དེ་སྔའི་སྐྱེལ་འདྲེན་ས་ཚིགས་ནི་མཚོ་བོད་ལམ་ཐིག་རྒྱུད་ཀྱི‘སྣུམ་སྣོན་ས་ཚིགས’ཤིག་ཡིན”ཞེས་ཅིན་ཧྲེང་ཧྥང་གིས་ཕྱིར་དྲན་བྱས་ནས་བཤད་པ་དང་། ཁོང་གིས“ཁང་པ་རེ་རེའི་ནང་ཉལ་ཁྲི་ཆུང་ཆུང་གསུམ་བཞི་འཚང་ཁ་བརྒྱབ་ནས་བཞག་ཡོད་པ་དང་། གྲང་ངར་ཆེ་བའི་དགུན་གྱི་མཚན་གུང་དུ་གྲང་རླུང་ཐད་ཀར་ཁང་པའི་ནང་ལྡང་ནས་འཁྱགས་འདར་ཤོར་མོད། འོན་ཀྱང་མ་བྱན་པན་གྱི་ཐབ་ཀྱི་འགྲམ་དུ་ནམ་ཡང་དྲོ་སོབ་སོབ་རེད”ཅེས་བཤད།

    “སྐབས་དེ་དུས་ཁ་ལོ་བ་ཚང་མས་སྲོག་ཉེན་ལ་མ་བལྟོས་པར་མཚོ་བོད་ལམ་ཐིག་དུ་འགྲོ་འོང་བྱེད་ཀྱི་ཡོད། ས་ཚིགས་སུ་འབྱོར་སྐབས་ཁ་ལག་ཚ་པོ་ཁམ་གང་ཟ་རྒྱུ་བྱུང་ན་དེ་ནི་འགྲུལ་བཞུད་བྱེད་རིང་གི་བདེ་སྐྱིད་ཆེ་ཤོས་དེ་རེད”ཅེས་རྒད་པོས་བཤད།

    1977ལོའི་དབྱར་ཁའི་དྲག་ཆར་དེ་ཅིན་ཧྲེང་ཧྥང་གིས་ད་ལྟའང་གསལ་པོར་དྲན་གྱི་ཡོད། དྲག་ཆར་བབས་པའི་ཉིན་དེར་ཆུ་ལོག་ཐོན་ནས་བྲག་སྨུག་ཉེ་འགྲམ་གྱི་ཟམ་པ་འཁྱེར་ཏེ་རླངས་འཁོར་བརྒྱ་ཕྲག་ཁ་ཤས་འདམ་རྫབ་ཁྲོད་བང་རིང་པོ་ཞིག་བསྒྲིགས་ནས་ལུས་ཡོད། ཁོང་གིས“རླངས་འཁོར་དང་དངོས་ཟོག་སྲུང་དགོས་ཙང་ཁ་ལོ་བ་རླངས་འཁོར་ནང་སྟབས་བདེའི་ལམ་རྒྱགས་ཟས་ནས་སྡོད་དགོས་ཀྱི་ཡོད་པས། ང་ཚོས་མོག་མོག་དང་ཕག་ཀྲིན་ཁྱེར་ནས་རྐང་ཐང་མར་ལྟོ་སྐྱེལ་བར་འགྲོ་ཡི་ཡོད” ཉིན་བདུན་བསྟུད་མར་མ་བྱན་པན་གྱིས་ཉིན་རེར་མོག་མོག་འགྱིག་ཤོག་ཆེན་པོ་ལྔ་གྲ་སྒྲིག་བྱས་ཏེ་འདམ་ཆུས་པུས་མོ་དིམ་ཡང་ལེ་དབར་བཅུ་ལྷག་ཙམ་གྱི་སར་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད།

    “དེ་དུས་ངས‘ས་མཐོའི་སྲོག་ཐིག’ཅེས་པ་གང་འདྲ་ཞིག་ལ་ཟེར་མིན་དངོས་སུ་ཤེས་བྱུང” རྒད་པོས་སྒེའུ་ཁུང་ཕྱི་རོལ་གྱི་ཁུ་ནུ་རི་བོའི་ཆགས་དབྱིབས་ལ་བལྟས་ནས“ཁྱོད་ཀྱིས་ལྟོས་དང་། མཚོ་བོད་གཞུང་ལམ་དེ་དཀར་གཙང་མཇལ་དར་ཞིག་དང་འདྲ་ལ། ང་ཚོ་ས་ཚིགས་ཁག་གི་ལས་སྒྲུབ་མི་སྣ་དག་ནི་དེའི་སྟེང་གི་རྒྱུ་སྐུད་རེ་རེ་དང་གཅིག་མཚུངས་རེད”ཅེས་བཤད། ཁོང་གི་བློ་ངོར་ལམ་དེ་ནི་སྐྱེལ་འདྲེན་གྱི་ལམ་བུ་ཙམ་མ་ཟད། མཐུན་སྒྲིལ་གྱི་ལམ་ཐིག་ཞིག་དེ་བས་ཀྱང་རེད།

    འཁོར་ལོའི་ལོ་ཟླ། མཚོ་བོད་ལམ་ཐིག་ཐོག་གི་དུས་རབས་ཀྱི་རྗེས་ཤུལ།

    1983ལོའི་དཔྱིད་ཀར། ཅིན་ཧྲེང་ཧྥང་ཐེམ་པའི་སྟེང་དུ་ཉི་མ་བསྲོ་སྐབས། གློ་བུར་དུ་རླངས་འཁོར་ཁ་བཀག་པའི་སྒྲ་དྲག་པོ་ཞིག་རྣ་བར་ཐོས་ཤིང་། དེ་ནི་ཤར་རླུང་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་གསར་རྐྱང་འགའ་ཤས་ས་ཚིགས་སུ་འཛུལ་སྐབས་གྲགས་ཡོང་བ་ཞིག་རེད། “ལའོ་ཅིན། རླངས་འཁོར་གསར་པ་དེ་དག་ལ་ལྟོས་དང་། དངོས་ཟོག་ཏུན་མང་པོ་ཞིག་དབོར་ཐུབ་པ་འདུག”ཅེས་ཁ་ལོ་བས་མགོ་ཕྱིར་བཏོན་ནས་དེ་ལྟར་བཤད།

    “དེ་ནི་འགོ་ཚུགས་པ་ཙམ་རེད”ཅེས་ཅིན་ཧྲེང་ཧྥང་གིས་ཕྱིར་དྲན་བྱས་ནས་བཤད་པ་དང་། ཁོང་གིས“ལོ་འགའ་ཤས་སོང་རྗེས། ‘ཝུའུ་ཧྲི་ལིང’རྟགས་ཅན་གྱི་རླངས་འཁོར་ཞིག་སྒོ་རའི་ནང་བཏང་ཡོང་བས། སྒོ་ར་ཡོངས་ཧ་ལས་ཧང་སངས་པ་དང་། ཚང་མས་རླངས་འཁོར་ལ་བསྐོར་ནས་ཅི་འཕྲོས་མོལ་འཕྲོས་བཤད”ས་ཚིགས་ནང་བྲེལ་འཚུབ་ཆེ་ཤོས་ཀྱི་སྐབས་སུ། ཉིན་རེར་ཟོག་འདྲེན་རླངས་འཁོར་བརྒྱ་ལྷག་ཙམ་འགྲོ་འོང་བྱེད་ཀྱི་ཡོད་པ་དང་། ལས་བཟོ་70ལྷག་ཙམ་གྱིས་ལས་ཀ་འཕར་མ་བྱས་ནས་ཁ་ལོ་བ་རྣམས་ལ་ལྟོ་ཆས་ཚ་སོབ་སོབ་ཟ་རྒྱུ་ཡོང་བ་བྱེད་ཀྱི་ཡོད།

    ས་ཚིགས་ཕྱི་རོལ་གྱི་སྨི་བརྒྱ་ཡི་སར་ཡོད་པའི་གཞུང་ལམ་བདག་སྐྱོང་བཟོ་པའི་ཁང་པའི་ནང་དུ་ཡང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་པ་སྟེ། ལྕགས་ཀྱི་ཐོ་བས་རྡོ་གཤག་པའི་སིང་སྒྲ་དང་ལྗིད་ཐེག་རླངས་འཁོར་གྱི་འཛེར་སྒྲ་སོགས་སྒྲ་སྣ་ཚོགས་མཉམ་དུ་གྲགས་བཞིན་ཡོད། “ད་ཆ། གཞུང་ལམ་བདག་སྐྱོང་བཟོ་པས་འཕྲུལ་ཆས་བཏང་ནས་ལས་ཀ་བྱས་ན་ལས་ཕྱོད་ཆེ་ལ་མྱུར་ཚད་ཀྱང་མགྱོགས་པ་འདུག ང་ཚོའི་དུས་དེར་སྤྱི་ལེ་10ཡི་སར་བདག་སྐྱོང་ས་ཚིགས་རེ་ཡོད་ཀྱང་འཕྲུལ་ཆས་མེད་པས། ཚང་མ་མི་ཤུགས་ལ་བརྟེན་དགོས་ཀྱི་ཡོད། རྡོ་སྒལ་པར་ཁུར་ནས་ལམ་ཁར་དབོར་བ་དང་། དེ་རྗེས་ཐོ་བས་གཤགས་ཏེ་ཤིང་འཁོར་ནང་བླུགས་ནས་དབོར་དགོས་ཀྱི་ཡོད་པས། གཞུང་ལམ་བདག་སྐྱོང་བཟོ་པའི་ལག་པར་ཡང་ཤ་རོ་ཤིན་ཏུ་མཁྲེགས་པོ་སྐྱེས་ཡོད”ཅེས་ཅིན་ཧྲེང་ཧྥང་གིས་བརྗོད།

    བྲག་སྨུག་ས་ཚིགས་ཀྱི་སྒོ་ར་རྒྱབ་མའི་རྡོ་སོལ་གྱི་ལུགས་པར་དེ་དག་ནི་ཅིན་ཧྲེང་ཧྥང་གིས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད། “རྡོ་སོལ་སོ་ཕག་གཅིག་ལ་རྒྱ་མ་བཅུ་ཕྲག་ཡོད་པ་དེ་དག་ཧ་ཅང་མཁྲེགས་པས་ལྕགས་ཀྱི་ཐོ་བས་མ་གཏོགས་གཤགས་ཐུབ་ཀྱི་མེད། དགུན་ཁར་རྡོ་སོལ་སོ་ཕག་གཤགས་སྐབས་ལག་པ་འཁྱགས་སྦོས་ཐེབས་ནས་གས་ཀྱི་ཡོད” དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ས་ཚིགས་ནང་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་ཆས་སྤྱོད་མྱོང་མོད། འོན་ཀྱང་གློག་བརྟན་པོ་མེད་པས། ས་ཞུ་ཡང་དེ་ལས་གསལ་བ་ཡོད། ཁོང་གིས་རྒྱང་རིང་གི་འོད་ཤུགས་ཤེལ་ལེབ་ལ་མཛུབ་མོ་བཙུགས་ཏེ། “གལ་སྲིད་དེ་དག་ལོ་སུམ་ཅུ་ཡི་གོང་དུ་ཡོད་ན། ངའི་གཟུགས་གཞི་ད་ལྟ་ལས་ཐང་བ་ཡོང་ངེས་རེད”ཅེས་བཤད།

    དབུ་དཀར་གྱི་ལེའུ་གསར། ཅིན་ཧྲེང་ཧྥང་གི་ལོ་ཟླའི་རྩིས་ཐོ།

    ཅིན་ཧྲེང་ཧྥང་གིས་ཚོས་བུད་པའི་འབོལ་ཁྲིའི་སྟེང་བསྡད་ནས་མཛུབ་རྩིས་རྒྱག་འགོ་ཚུགས།

    “1974ལོར་ས་ཚིགས་སུ་སླེབས་མ་ཐག་ཟླ་རེར་གླ་ཕོགས་སྒོར་75ལས་མེད་ཀྱང་གྲོ་ཞིབ་རྒྱ་མ་150བརྗེ་ཐུབ་ཀྱི་ཡོད” ཁོང་གིས“1985ལོར་གླ་ཕོགས་སྒོར་120ལ་འཕར་ཞིང་། གླ་ཕོགས་ལེན་པའི་ཉིན་དེར་དགའ་ཚོར་ཆེན་པོ་བྱུང་། ངས་བཟའ་ཟླར་སེང་རས་དམར་པོ་ཞིག་དང་ཕྲུ་གུར་བྱེ་རིལ་ཕྲན་ཙམ་ཉོ་རྩིས་བྱས་པ་ཡིན”ཞེས་བརྗོད།

    “1994ལོར་རྒན་ཡོལ་ཞུ་སྐབས་གླ་ཕོགས་སྒོར་320ཡོད་པ་དེ་དག་གིས་ཁྱིམ་ཚང་ཆེན་པོ་ཞིག་གསོ་ཐུབ་ཀྱི་ཡོད་པ་དང་། ད་ཆ་རྒན་ཡོལ་ཞུས་པའི་དངུལ་ཡང་ལྡབ་འགའ་ཤས་འཕར་འདུག”ཅེས་རྒད་པོས་འཛུམ་དམུལ་དམུལ་ངང་བཤད།

    2005ལོའི་དབྱར་ཁར། ཅིན་ཧྲེང་ཧྥང་རླངས་འཁོར་ལ་བསྡད་ནས་ལྷ་སར་བསྐྱོད། བྲག་སྨུག་བརྒྱུད་སྐབས། ཁོང་གིས་གློ་བུར་དུ“རླངས་འཁོར་ཁ་བཀག་དང་། འདི་ནི་ང་ཚོའི་ས་ཚིགས་མ་རེད་དམ”ཞེས་བཤད།

    སྔོན་ཆད་ས་ཕག་གི་ཁང་པ་གོག་ཧྲུལ་དེ་དག་ད་ཆ་བོད་བཟོའི་ཡུལ་མིའི་སྡོད་ཁང་གསར་རྐྱང་ལ་གྱུར་པ་དང་། ཕྲུ་གུ་འགའ་ཤས་སྒོ་རའི་ནང་རྩེད་མོ་རྩེ་བཞིན་ཡོད། “དེ་གར་ལོ་20འཚོ་བ་བསྐྱལ་བས། ཡང་བསྐྱར་གནས་དེར་སླེབས་སྐབས། སེམས་ལ་བརྗོད་པར་དཀའ་བའི་ཚོར་སྣང་ཞིག་འདུག”ཅེས་རྒད་པོའི་མིག་ཟུང་མཆི་མས་བརླན་བཞིན་བཤད། “དེ་ནས་ཁ་བྲལ་སྐབས་ངས་སྒོ་རའི་ཕྱོགས་སུ་ལག་པ་གཡུག་གཡུག་བྱས་ནས་སྔར་སོང་གི་འཚོ་བར་ཞལ་གྱེས་ཞུས། ད་ཆ་ལམ་ཡག་པ་དང་གློག་ཁང་ཡང་བསྐྲུན་ཡོད་པས། ན་གཞོན་རྣམས་ང་ཚོའི་སྔོན་ཆད་ཀྱི་དཀའ་ལས་དེ་ལྟ་བུ་རྒྱག་དགོས་མི་འདུག”ཅེས་བཤད།

    ལོ་ངོ་དྲུག་ཅུ་ལྷག་མ་བྱན་བྱས་པའི་མ་བྱན་པན་གྱི་པན་ཀྲང་རྒད་པོ་དེས་ཚལ་སྐྱོགས་ལ་བརྟེན་ནས་བསྲུངས་མྱོང་བའི་ས་མཐོའི་སྦྲག་ལམ་དེ་སྔ་ས་ནས་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་དང་འདྲེས་ཡོད། ཅིན་ཧྲེང་ཧྥང་གིས་རྒྱུན་དུ་ཤོད་པའི་སྐད་ཆ་ལྟར། ས་མཐོའི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་། ང་ཚོའི་འཚོ་བ་ཡང་སྐལ་བཟང་མེ་ཏོག་བཞད་པ་བཞིན་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།