དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཆེན་འདུ་ཚོགས་འཁྲུག་ཆ་དོད། རིག་གནས་ཡུལ་སྐོར་ཚ་རླབས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ​ དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏའེ་ལིང་།   |     སྤེལ་དུས།  2025-10-21

    གསེར་མདོག་གི་ནས་ཞིང་ནང་དུ་སྤྲོ་སྣང་ཆེ་བའི་གླུ་སྒྲ་དང་། ཞིང་ལས་འཕྲུལ་ཆས་ཀྱི་སྒྲ། དགའ་འབོད་ཀྱི་སྒྲ་བཅས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ས་གཞི་གཤིན་པོའི་མཁའ་དབྱིངས་སུ་གྲགས། ཟླ་9ཚེས་23ཉིན། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལོ་ལེགས་བྱེད་སྒོ་གཟབ་རྒྱས་དེར་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་བའི་གྲོང་མི་དང་ཡུལ་སྐོར་བ་བརྒྱ་ཕྲག་ཟིན་ཡོད། “ལྷ་སའི་ལྡུམ་ར་རྒྱབ་མའི”ངེས་གནས་ལ་བརྟེན་ནས། ལྷུན་གྲུབ་རྫོང་གིས“དུས་བཞིའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ཁུངས་རྨང་གཞིར་བྱས་ཏེ“རྣམ་པར་བཀྲ་བའི་དུས་བཞི·མཛེས་སྡུག་ལྡན་པའི་ལྷུན་གྲུབ”ཞེས་པའི་སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བཏོད་ནས། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    ལྷུན་གྲུབ་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོ་དེ་རིག་གནས་ཡུལ་སྐོར་དང་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཇུས་འགོད་བྱས་པ་དང་། ཨ་མ་ཆང་མ་གདན་དྲངས་ཏེ་ནས་ཆང་གི་རིག་གནས་འགྲེམས་སྟོན་བྱས་པ་དང་། ཞིང་འབྲོག་པས་སྲོལ་རྒྱུན་གྱི་ནས་བརྔ་བསྡུའི་འགྲན་བསྡུར་དང་། གཡུལ་ལས་འགྲན་བསྡུར་དང་དེ་བཞིན་འཕྲུལ་ཆས་ཀྱི་བརྔ་བསྡུའི་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། བྱེད་སྒོའི་ཁྲོད་ད་དུང“སོ་ནམ་ཉམས་ལེན་ཁུལ”བཀོད་སྒྲིག་བྱས་པས། ཡུལ་སྐོར་བ་བརྔ་བསྡུའི་ནང་ཞུགས་ནས་སོ་ནམ་རིག་གནས་མྱོང་ཚོར་ཟབ་མོ་ཐུབ་ཀྱི་ཡོད།

    ངོ་མཚར་ཆེ་བའི་དུས་ཆེན་བྱེད་སྒོའི་ཁྲིད་སྟོན་འོག ལྷུན་གྲུབ་རྫོང་གི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྫོང་ཡོངས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་38.17ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2563.8ཟིན་པ་དེ་དུས་མཚུངས་ལས་37.6%དང་14.5%སོ་སོར་འཕར་ཡོད།

    ལྷུན་གྲུབ་རྫོང་ནི་ད་ལོའི་བོད་ཀྱི་དུས་ཆེན་དང་འདུ་ཚོགས་བྱེད་སྒོ་ལས་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་སྐུལ་ཁྲིད་ཐུབ་པའི་མཚོན་ཚུལ་ཙམ་ཞིག་ཡིན་ཞིང་། ཉེ་ཆར། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང་། ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན། ལྷོ་ཁའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན། མངའ་རིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན། ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ལ་སོགས་ལྟད་མོ་ཆེ་བའི་བྱེད་སྒོ་རེ་རེས་བོད་ཀྱི་སྟོན་དུས་རིག་གནས་ཡུལ་སྐོར་བྱེད་སྒོའི་མཐོ་རླབས་འཕྱུར་བར་བྱས་ཡོད།

    ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་མངའ་རིས་འགྲེམས་སྟོན་བྱེད་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཀྱང་ཡིན། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཧྲི་ཡུས་ཧུའེ་ཡིས་ཞང་ཞུང་རིག་གནས་དུས་ཆེན་གཉེར་བའི་དམིགས་ཡུལ་ནི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་རྒྱུ་དེ་ཡིན། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་མངའ་རིས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། གྲོགས་པོ་དེ་བས་མང་བ་མངའ་རིས་སུ་ཡོང་བ་དང་། མངའ་རིས་ལ་རྒྱུས་མངའ་ལོན་པ། མངའ་རིས་ལ་རྒྱབ་སྐྱོར་བྱེད་པ། མངའ་རིས་འཕེལ་རྒྱས་གཏོང་བ་བཅས་བྱེད་དུ་འཇུག་དགོས་ཞེས་བཤད།

    ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་བྱེད་སྒོའི་ཐོག་ཁེ་ལས་མཁས་ཅན་མང་པོ་ཞིག་གིས་མངའ་རིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་མོས་པོ་བྱུང་ནས་ས་གནས་དེ་ག་དང་མཉམ་ལས་གསར་སྤེལ་གྱི་གྲོས་མཐུན་བཞག་ཡོད། སྲོང་བཙན་ཚོགས་པའི་དབུ་བཞུགས་འཕེལ་རྒྱས་དཔོན་གྱི་ལས་རོགས་དང་མངའ་རིས་ཀྱི་རྣམ་གྲངས་འགན་འཁུར་བ་བསྟན་འཛིན་ཤེས་རབ་ཀྱིས་མངའ་རིས་ནི་སྲོང་བཙན་ཚོགས་པས་འབྱུང་འགྱུར་གནམ་ས་བཏོད་པའི་བོད་ལྗོངས་ས་ཁོངས་ཀྱི་དམིགས་ས་མཇུག་ཤོས་དེ་ཡིན་ཞེས་བཤད་པ་དང་། 2020ལོ་ནས་བཟུང་ཁོང་ཚོ་མངའ་རིས་ཀྱི་ས་ཆ་མང་པོར་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། 2023ལོར་མངའ་རིས་ཀྱི་རྣམ་གྲངས་རབ་དང་རིམ་པ་དེ་དག་2024ལོ་ནས་2027ལོ་བར་གྱི་ཚོགས་པ་དེའི་རྣམ་གྲངས་གཙོ་བོའི་གྲས་སུ་བཞག་ནས་ཆེད་མངགས་རྣམ་གྲངས་ཚོགས་ཆུང་བཙུགས་ཏེ་སྐུལ་འདེད་གཏོང་གི་ཡོད་པ་རེད།

    “མིག་སྔར། ང་ཚོས་མངའ་རིས་སུ་བཟོས་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་གཉིས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ད་དུང་རྣམ་གྲངས་གཅིག་གི་དུས་འགོའི་གྲ་སྒྲིག་བྱས་ཟིན་ཡོད”ཅེས་བསྟན་འཛིན་ཤེས་རབ་ཀྱིས་བཤད་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཚོགས་པས་མངའ་རིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་རྫས་སྤུས་ལེགས་ཟམ་མི་ཆད་པར་གཏོད་རྒྱུ་ཡིན་ཞེས་བཤད།

    བཟའ་སྡོད་དང་། འགྲོ་སྐྱོད། ཡུལ་སྐོར། རོལ་རྩེད་བཅས་ལ་སྐུལ་ཁྲིད་བྱེད་པ་ཕུད། དུས་སྟོན་བྱེད་སྒོ་ལས་ཡུལ་སྐོར་བའི་ཟོག་ཉོའི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད། ལྷོ་ཁའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་དཔེ་བཞག་ན། བྱེད་སྒོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་དང་ཨེ་ཤེ་ཡ་ལྷོ་མའི་ནང་འདྲེན་ཚོང་ཟོག་གི་འགྲེམས་ཚོགས་ཐོག་འགྲེམས་གནས་400ལྷག་ཙམ་དུ་ལྷོ་ཁའི་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་བཀྲམ་པ་མ་ཟད། ད་དུང་ནེ་པ་ལ་དང་། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་འགྲེམས་ཚོང་པས་ཁྱེར་བའི་ཁྱད་ལྡན་ཐོན་རྫས་ཀྱང་བཀྲམ་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་60བཏང་སྟེ“ཚད་ལོན་གོང་གཅོག”གི་བྱེད་སྟངས་སྤྱད་དེ་རིམ་པ་ལྔ་བགོས་ནས་མི་རེར་རིམ་པ་རེར་འཛད་སྤྱོད་ཁ་གསབ་ཐེངས་གཅིག་སྤྲོད་ཀྱི་ཡོད་པ་རེད། སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་མཁོ་སྤྲོད་དང་འཛད་སྤྱོད་ཁ་གསབ་ལས་འཛད་སྤྱོད་པའི་ཉོ་སེམས་ཆེ་རུ་ཆེས་ཆེར་ཕྱིན་པ་དང་བྱེད་སྒོ་སྤེལ་རིང་འགྲེམས་ཚོང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་600ལྷག་ཙམ་ཟིན་ཡོད་པ་རེད།

    《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།