ཀྲུང་གོར་ཡོད་པའི་ཨུ་རུ་སུ་བས“ཐུན་མོང་མ་ཡིན་པའི་ཀྲུང་གོ”ཉམས་སུ་མྱངས་པ།
འདི་ནི་ཨུ་རུ་སུའི་ཡུལ་སྐོར་བ་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་ཆུ་ཐོག་སྐྱེལ་འདྲེན་གྱི་འགྲུལ་པའི་ཞིབ་བཤེར་འགག་སྒོ་ནས་རྒྱལ་ནང་དུ་འཛུལ་ཏེ་མཉམ་འབྲེལ་ཞིབ་བཤེར་ཚོམས་ཆེན་དུ་སྐྱོད་བཞིན་པ། (ལིའུ་སུང་གིས་པར་བླངས)
ཀྲུང་གོ་ནི་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོར་ལོ་རྒྱུས་རྒྱུན་རིང་ལྡན་པའི་རིག་གནས་དང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་ཞིམ་ཟས་ཡོད་པ་མ་ཟད། ཀྲུང་གོ་བ་ཚོ་མགྲོན་པོར་སྣེ་ལེན་ཞུ་བར་ཧ་ཅང་སེམས་རྩ་འཁོལ་པོ་ཡོད། ཨུ་རུ་སུའི་ཡུལ་སྐོར་བ་ཀྲུང་གོར་མ་བསྐྱོད་གོང་འཚོ་བའི་གོམས་གཤིས་དང་མི་ཆོས་གོམས་འདྲིས་ལ་རྒྱུས་ལོན་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ། ཨུ་རུ་སུ་བ་ཨཱ་ནཱ་སི་ཐཱ་ཤིས་ཡཱ·ཁུའུ་ཕི་དབྱང་སི་ཁཱ་ཡཱ་ཡིས་ཀྲུང་གོར་འཚོ་བ་བསྐྱལ་ནས་ལོ་7ཕྱིན་ཡོད། ཁོ་མོས་ཨུ་རུ་སུ་བ་ཀྲུང་གོར་སྐྱོད་སྐབས་དོ་སྣང་བྱེད་དགོས་པའི་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་སྐོར་ང་ཚོར་ངོ་སྤྲོད་བྱས་བྱུང་།
ཀྲུང་གོར་དངོས་ཟོག་ཉོས་ནས་དངུལ་སྤྲོད་སྐབས་གདམ་ག་མང་པོ་ཡོད། དངུལ་སྨར་སྤྲོད་ཆོག་པ་ཕུད་ད་དུང་ཀུན་གྱིས་རྒྱ་ཁྱབ་ཏུ་སྤྱོད་པའི་རྩ་གཉིས་ཨང་རྟགས་བཤེར་ནས་ཀྱང་སྤྲོད་ཆོག ཀྲུང་གོ་དང་འདྲ་བར་གཏོང་སྤྲོད་བྱེད་སྟངས་འདི་རྒྱ་ཁྱབ་ཏུ་སྤྱོད་མཁན་འཛམ་གླིང་ཐོག་རྒྱལ་ཁབ་གཞན་མེད། ཁུའུ་ཕི་དབྱང་སི་ཁཱ་ཡཱ་ཡིས“ཀྲུང་གོར་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲད་ན་སྟབས་ཧ་ཅང་བདེ་པོ་ཡོད། ངས་དངུལ་སྨར་དང་དངུལ་ཁང་གཱ་མ་ཁྱེར་བར་དུས་ཡུན་རིང་པོ་ཕྱིན་སོང་། རྒྱུ་མཚན་ནི་དངུལ་ཁང་གཱ་དང་། སྐད་སྒྱུར་མཉེན་ཆས། གླ་འཁོར་མཉེན་ཆས་སོགས་གང་མཁོ་མཁོ་ཚང་མ་ངའི་ལག་ཐོགས་ཁ་པར་དུ་ཡོད། ཨ་མྲ་དང་ཤིང་ཏོག་ལི་ཀྲི་སོགས་ཉོ་སྐབས། ངས་རྩ་གཉིས་ཨང་རྟགས་བཤེར་ན་སྐར་ཆ་ཁ་ཤས་ནང་སྤྲོད་ཐུབ་ཅེས་བཤད།
ཨུ་རུ་སུ་བ་རྣམས་ལ་མཚོན་ན། ཀྲུང་གོར་ཡུལ་སྐོར་བྱེད་སྐབས་ངེས་པར་དུ་འགྲོ་དགོས་ས་གཅིག་ནི་ལྕགས་རི་རིང་པོ་ཡིན། ཁུའུ་ཕི་དབྱང་སི་ཁཱ་ཡཱ་ཡིས“ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོར》ཚུད་པའི་ཀྲང་ཅཱ་ཅེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཡུལ་ལྗོངས་ལྟ་ན་སྡུག་པའི་ཀོང་ཞི་ཀུའེ་ལིན། དེ་བཞིན་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་བོད་ལྗོངས་ལྷ་ས་སོགས་ངོ་མཚར་ཆེ་བའི་ས་ཆ་མང་པོ་ཡོད”ཅེས་གྲོས་འགོ་བཏོན།
—— ཨུ་རུ་སུའིGazetaགསར་འགྱུར་དྲ་བའི་རྩོམ་ཡིག་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།