དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཨ་ཧྥེ་རི་ཁར་གློག་ཤུགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཙོའུ་སུང་།   |     སྤེལ་དུས།  2025-10-20

    དྲ་མེད་འོད་ཤུགས་གློག་ཁང་རྒྱུན་ཆད་མེད་པར་བསྐྲུན་པ་ལས་ཨེ་ཙེ་ཨོ་ཕི་ཡའི་ཐག་རིང་ལུང་ཁུག་གི་འབྲོག་པ་ཚོའི་གློག་སྤྱོད་དཀའ་བའི་སེམས་ཁྲལ་བསལ་བ་དང་། ཀྲའོ་ཝ་100ཟིན་པའི་འོད་ཤུགས་གློག་ཁང་ཟླ་བ་ཁ་ཤས་ནང་བསྐྲུན་ཟིན་པ་ལས་ཙན་པི་ཡའི་ཟངས་གཏེར་ཁུལ་གྱི་རིལ་ལྡན་ཞིབ་འཐག་འཕྲུལ་འཁོར་གློག་མི་འདང་བའི་རྐྱེན་གྱིས་ལས་མཚམས་འཇོག་མི་དགོས་པ། ལྷོ་ཨ་ཧྥེ་རི་ཁའི་ཧུང་ཧྲི་འོད་དྲོད་གློག་ཁང་རྣམས་གྲངས་ཀྱི་བཞུ་ཚྭའི་མཐོ་ལྕོག་གིས་ཉིན་མོའི་འོད་དྲོད་ནུས་གསོག་དག་མཚན་མོའི་གློག་རྒྱུན་བརྟན་པོར་བསྒྱུར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་སྒྲོན་ཁྲ་ཆིལ་ལེར་སྤར་བ་ལ་སོགས། ཡངས་ཤིང་རྒྱ་ཆེ་བའི་ཨ་ཧྥེ་རི་ཁའི་ས་གཞིའི་སྟེང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གློག་ཤུགས་མཉམ་ལས་རྣམ་གྲངས་ལག་ལེན་ཡག་པོ་བསྟར་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གློག་ཤུགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ་རེད།

    ཆུང་ཞིང་མཛེས།

    གློག་དྲ་ཆུང་གྲས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་བ།

    ཨེ་ཙེ་ཨོ་ཕི་ཡའི་པེ་ཨའོ་སུའོ་གྲོང་ཚོའི་འབྲོག་པ་ཧུའུ་ཁེ་སི་གནས་སའི་གྲོང་ཚོར་ཟླ་བ་གཉིས་གོང་གློག་བཏང་བ་དང་སྦྲགས་ཁོང་ལ་ཡང་ལག་ཐོགས་ཁ་པར་སྤྱོད་རྒྱུ་བྱུང་ཡོད། ཨེ་ཙེ་ཨོ་ཕི་ཡའི་བྱང་ཤར་རྒྱུད་དུ་གནས་པའི་ཐག་རིང་ལུང་ཁུག་གྲོང་ཚོ་དེར་དྲ་མེད་འོད་ཤུགས་གློག་ཁང་བཙུགས་པ་ལས་གསོན་ཤུགས་རྒྱས་པར་གྱུར་ཡོད།“གློག་མེད་པའི་སེམས་ཁྲལ་བྱེད་དགོས་མེད། ཀྲུང་གོའི་གྲོགས་པོས་གློག་བརྟན་པོ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཧུའུ་ཁེ་སིས་དགའ་སྤྲོའི་ངང་བརྗོད།

    ད་ལོའི་ཟླ་7པར་ཀྲུང་གོ་རྒྱལ་ཁབ་གློག་དྲ་ཀྲུང་གོ་གློག་ཤུགས་ལག་རྩལ་སྒྲིག་ཆས་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཨེ་ཙེ་ཨོ་ཕི་ཡའི་དྲ་མེད་འོད་ཤུགས་གློག་ཁང་གི་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་ཟིན་ཞིང་། པེ་ཨའོ་སུའོ་གྲོང་ཚོ་ཚུད་པའི་ཐག་རིང་ལུང་ཁུག་ས་ཁུལ་8ལ་གློག་བཏང་བ་དང་ཁོ་ལི་གྲོང་ཚོའང་ཕན་པ་ཐོབ་པའི་གྲོང་ཚོའི་གྲས་ཤིག་རེད། གྲོང་ཚོའི་སྨན་པ་ཧ་སི་ལིས“དེ་སྔོན་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་འཁོར་སྤྱོད་སྐབས་གློག་བརྟན་པོ་མེད་པས་སྨན་བཅོས་ཡོ་བྱད་མི་ཉུང་བ་ཞིག་སྤྱོད་ཕོད་ཀྱི་མེད། ད་ཆ་འོད་ཤུགས་གློག་ཁང་ལ་ནུས་གསོག་གློག་རྫས་ཡོད་པས་གློག་བརྟན་པོ་འདུག”ཅེས་བརྗོད།

    ཨེ་ཙེ་ཨོ་ཕི་ཡའི་གྲོང་གསེབ་ས་ཁུལ་མང་ཆེ་བ་གློག་ཤུགས་ཀྱི་གློག་དྲ་གཙོ་བོ་དང་བར་ཐག་རིང་པོ་ཡོད། ས་གནས་དེ་གའི་སྲིད་གཞུང་གིས“གློག་གཏོང་མགྱོགས་པ་དང་། མ་གནས་དམའ་བ། རྒྱུན་མཐུད་ཆོག་པ”སོགས་ཕྱོགས་མང་པོའི་ལེགས་ཆ་ལྡན་པའི་དྲ་མེད་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད། ཨེ་ཙེ་ཨོ་ཕི་ཡའི་ཆུ་བེད་ནུས་རྒྱུ་པུའི་པུའུ་ཀྲང་ཟུར་པ་སའེ་ལ་ཤིས·པེ་ཁེ་ལིས“ཨེ་ཙེ་ཨོ་ཕི་ཡའི་དྲ་མེད་འོད་ཤུགས་གློག་ཁང་གི་རྣམ་གྲངས་ནི་རྒྱལ་ཁབ་གློག་ཤུགས་ཀུན་ཕན་འཆར་གཞིའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་དེའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་བརྗོད།

    མྱུར་ཞིང་ཆེ།

    རྣམ་གྲངས་ཆེན་པོས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཙན་པི་ཡའི་ལྟེ་བའི་ཞིང་ཆེན་ཆི་སང་པཱ་ཆུས་སུ་སྤྱི་ཆིང་བརྒྱ་ལྷག་ཙམ་གྱི་འོད་ཤུགས་ཤེལ་ལེབ་བཏིང་བ་དང་དེ་ནི་རྒྱལ་ཁབ་དེའི་གློག་ཤུགས་ཆེ་ཤོས་ཀྱི་འོད་ཤུགས་རྣམ་གྲངས་རྐྱང་པ་སྟེ་ཁའེ་པུ་ཝེའི་ཀྲའོ་ཝ་100ཡི་ཉི་ནུས་རྣམ་གྲངས་རེད།

    ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁའི་ལྷོ་ངོས་ས་ཁུལ་དུ་ཐན་པ་ཆེ་བ་དང་ཆར་ཆུ་ཉུང་བས་ཙན་པི་ཡའི་ཆུ་ཤུགས་གློག་ཁང་གི་གློག་འདང་གི་མེད། དེར་བརྟེན་ཁའེ་པུ་ཝེའི་ཀྲའོ་ཝ་100ཡི་ཉི་ནུས་རྣམ་གྲངས་འཛུགས་སྐྲུན་བྱེད་པ་ནི་ཡུལ་དེའི་གློག་ཤུགས་མི་འདང་བའི་དཀའ་ངལ་སེལ་བའི་ཁ་ཚ་དགོས་གཏུག་གི་བྱེད་ཐབས་སུ་གྱུར་པ་རེད། 2024ལོའི་ཟླ་9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་རིང་། ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་གཉེར་བའི“ཙན་པི་ཡའི་གློག་ཤུགས་འཕེལ་རྒྱས་གླེང་སྟེགས”ལ་ཞུགས་པ་དང་ཕྱོགས་གཉིས་པོས་ཞ་ཁའེ་ཧྥུའུ་ཞ་དང་ཁ་ལི་པཱ་སོགས་ཀྲའོ་ཝ་བརྒྱ་རིམ་པའི་འོད་ཤུགས་རྣམ་གྲངས་མང་པོར་གན་རྒྱ་བཞག་པ་དང་། ལོ་དེའི་ཟླ་7པར་ལས་འགོ་ཚུགས་པའི་ཁའེ་པུ་ཝེའི་ཀྲའོ་ཝ་100ཡི་ཉི་ནུས་རྣམ་གྲངས་སྐྲུན་མགྱོགས་སུ་བཏང་ཡོད། ད་ལོའི་ཟླ་6ཚེས་30ཉིན་ཁའེ་པུ་ཝེའི་ཀྲའོ་ཝ་100ཡི་ཉི་ནུས་རྣམ་གྲངས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ་རེད།

    ད་ལོའི་ཟླ་4པར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མཚོ་ཁུག་གི་རྣམ་གྲངས་2པ་དྲ་སྦྲེལ་ཐུབ་ནས་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། རྣམ་གྲངས་དེའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་500ཟིན་པ་དང་སྔོན་དཔག་བྱས་ན་ལོར་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་20ཟིན་ནས་ཁྱིམ་ཚང་ཁྲི་བརྒྱ་ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་རེད།

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ཀྲུའུ་ལི་ནུའོ་ཆུ་ཤུགས་གློག་ཁང་སྐོར་གླེང་སྐབས། ཐན་ཙན་ནི་ཡའི་ཏ་ལེ་སི་ས་ལཱ་མུ་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྥུའུ་ལའེ·མོ་ཤིས་ཀྱིས“ཀྲུའུ་ལི་ནུའོ་ཆུ་ཤུགས་གློག་ཁང་ནི་ཐན་ཙན་ནི་ཡའམ་ཐ་ན་ཨ་ཧྥེ་རི་ཁར་སྐྲུན་བཞིན་པའི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་2000ལྷག་ཙམ་ཟིན་པ་དེ་ནི་ཐན་ཙན་ནི་ཡས་སྔོན་ལ་འཕེལ་རྒྱས་གཏོང་བའི་གློག་ཤུགས་རྣམ་གྲངས་གལ་ཆེན་ཞིག་རེད”ཅེས་བརྗོད།

    གསར་ཞིང་ཡུན་རིང་བ།

    ཁྱབ་ཁོངས་མང་པོས་ཨ་ཧྥེ་རི་ཁའི་དགོས་མཁོ་སྐོང་བ།

    ལྷོ་ཨ་ཧྥེ་རི་ཁའི་པེ་ཁའེ་ཕུའུ་ཞིང་ཆེན་པོ་སི་ཐེ་མཱ་སི་པའོ་གྲོང་རྡལ་དུ་ས་ཁྱོན་སྨི་ངོས་གྲུ་ཁྲི་བརྒྱ་ལྷག་ཙམ་ཟིན་པ་དང་ཤེལ་ལེབ་ཁྲི་4ལྷག་ཙམ་ལས་གྲུབ་པའི“ངར་ལྕགས་ཉི་མ་མེ་ཏོག”ཉི་མར་གཏད་ནས་འཁོར་ཞིང་། ཤེལ་ངོས་སུ་གཅིག་ཏུ་སྡུད་པའི་འོད་ཤུགས་དེ་མཐོ་ཚད་སྨི་བཅུ་གྲངས་ཟིན་པའི་འོད་དྲོད་བརྗེ་སྒྱུར་མཐོ་ལྕོག་བརྒྱུད་བསྡུ་རུབ་དང་། གཞན་སྒྱུར། གསོག་ཉར་བཅས་བྱས་ནས་ཆུ་ཚོད་24རིང་ཟམ་མི་ཆད་པར་གློག་གཏོང་ཐུབ་ཀྱི་ཡོད། དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་གསུམ་པས་སྐྲུན་འགན་འཁུར་བའི་ལྷོ་ཨ་ཧྥེ་རི་ཁའི་ཧུང་ཧྲི་ཀྲའོ་ཝ་100ཟིན་པའི་ལྕོག་དབྱིབས་ཀྱི་བཞུ་ཚྭའི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ཤིག་ཡིན་ལ། ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁར་ལྕོག་དབྱིབས་བཞུ་ཚྭའི་ནུས་གསོག་ལག་རྩལ་སྤྱད་པའི་བསྐྱར་སྐྱེས་ནུས་རྒྱུའི་རྣམ་གྲངས་ཐོག་མ་དེའང་རེད། རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་ཤེ་ཡན་ཅུན་གྱིས་གསར་འགོད་པར། རྣམ་གྲངས་དེ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ་ལས་ཡུལ་དེའི་ཁྱིམ་ཚང་ཁྲི་20ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཡོད་ཅེས་བརྗོད།

    འབྲེལ་ཡོད་གྲངས་གཞི་ལས་མངོན་པར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་དངོས་ཡོད་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རིམ་རྩིས་བརྒྱབ་ན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིགས་ཁག་གི་ལག་རྩལ་པ་ཁྲི་22ལྷག་ཙམ་གསོ་སྦྱོང་བྱས་ཡོད། ཀྲུང་གོས་སྤེལ་བའི་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྤུས་རྟགས་ཡིན་པའི་ལུའུ་པན་བཟོ་ཁང་ཨེ་ཅིབ་དང་ལྷོ་ཨ་ཧྥེ་རི་ཁ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་15རུ་བསྐྲུན་པ་དང་འབྲེལ་ལས་གཉེར་བྱེད་འགོའང་ཚུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།