དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲེ་ཅང་ཡུང་ཁང་གིས་རི་མ་ཐང་གི་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འཕྲུལ་ཆུང་ངུས་ཁྲོམ་ར་ཆེན་པོ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏོའུ་ཧའོ།   |     སྤེལ་དུས།  2025-10-20

    “མུའུ་700ཡི་ས་ཞིང་ནས་མུའུ་རེའི་ཐོན་འབབ་རྒྱ་མ་1000ཙམ་ཟིན་གྱི་ཡོད། འབྲས་རྒྱ་མ་རེའི་རིན་གོང་སྒོར་1.65དང་། དེའི་རྒྱལ་ཁབ་ཀྱི་ཁ་གསབ་བསྣན་ན་ཡོང་འབབ་ཁེ་གཙང་སྒོར་ཁྲི་30ལྷག་ཙམ་ཟིན་རྒྱུ་རེད”ཅེས་འབྲས་བསྡུས་ཚར་མ་ཐག་ཀྲེ་ཅང་ལི་ཧྲུའེ་ཅིན་ཡུན་རྫོང་ཧུའུ་ཀྲེན་གྲོང་རྡལ་ཅིན་ཀྲུའུ་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ཀྲུའུ་ཀན་ཀོང་གིས་ཡོང་འབབ་རྩིས་རྒྱག་འགོ་བརྩམས།

    ཀྲུའུ་ཀན་ཀོང་གིས“ས་རྒྱ་ཆེན་པོ་མེད་པའི་ཁར། རི་ཁུག་སྒང་གཤོང་དུ་ཐར་རེ་ཐོར་རེར་ཆགས་པས་རྨོས་གླང་ལས་ཞིང་འཕྲུལ་བེད་སྤྱོད་གཏོང་ཐབས་མེད”ཅེས་ཕྱིར་དྲན་བྱེད་བཞིན་བཤད། ད་ཆ་རི་མ་ཐང་གི་རི་ཁུལ་དུ་སྤྱོད་རྒྱུར་འཚམ་པའི་ཞིང་འཕྲུལ་ཡོད་པས་ཞིང་ནང་གི་གང་སར་གཏོང་ཐུབ། ཀྲུའུ་ཀན་ཀོང་གིས“སྤྱོད་བདེ་བའི་ཞིང་འཕྲུལ་སྒྲིག་ཆས་ཡོད་པས་ཞིང་ལས་སྟབས་བདེ་རུ་སོང”ཞེས་བཤད། ལོ་ཤས་རིང་ཁོང་གིས་འདྲུད་འཐེན་འཁོར་ལོ་དང་བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་འཕྲུལ་སྒྲིག་ཆས་ཉོས་པ་དང་ཁོམ་པ་ཡོད་དུས་ད་དུང་ཞིང་དུད་གཞན་དག་ལ་ཞིང་འཕྲུལ་བཀོལ་སྤྱོད་བྱེད་རོགས་བྱེད་ཀྱི་ཡོད།

    ཞིང་འཕྲུལ་མེད་པ་ནས་ཞིང་འཕྲུལ་ཡག་པོ་སྤྱོད་ཐུབ་པའི་བར་གྱི་འགྱུར་ལྡོག་ནི་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་ཁ་འབྲལ་ཐབས་མེད།

    ཅིན་ཧྭ་ཡུང་ཁང་གྲོང་ཁྱེར་ནི་ཀྲེ་ཅང་གི་རི་མ་ཐང་གི་རི་ཁུལ་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་ཀྱི་གཅིག་འདུས་ཁུལ་གལ་ཆེན་ཞིག་རེད། ས་གནས་དེ་གའི་ཀྲེ་ཅང་ཕྱོགས་བཞི་ཚོགས་པའི་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་འདྲུད་འཐེན་འཁོར་ལོ་ཆུང་གྲས་རེ་རེ་གྲལ་འགྲིག་པོའི་ངང་བཞག་ཡོད། ཐག་མི་རིང་བའི་ཞིང་ནང་དུ་འདྲུད་འཐེན་འཁོར་ལོ་ཞིག་ཚད་ལེན་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། འདྲུད་འཐེན་འཁོར་ལོའི་རྒྱབ་ཏུ་ཞིང་ཆས་སྣ་ཚོགས་བརྗེས་ནས་སྐོར་རྨོ་དང་། སོན་འདེབས། བརྔ་བསྡུ་བཅས་བྱེད་ཐུབ་ཀྱི་ཡོད།

    “ཞིང་འཕྲུལ་ཆུང་གྲས་ཀྱི་འཚམ་མཐུན་རང་བཞིན་ཆེ་བ་དང་སྤྱོད་སྒོ་མང་བས་ང་ཚོའི་ཞིབ་འཇུག་གསར་སྤེལ་བྱ་ཡུལ་གཙོ་བོ་ཡིན། ཁེ་ལས་ཀྱི་ལོ་རེར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཁྲི་2.5ཙམ་ཟིན་པ་དང་། རྒྱལ་ནང་དུ་བྲིན་ཁ་རྒྱུག་པ་མ་ཟད། ད་དུང་ཨ་ཧྥེ་རི་ཁ་དང་། མེ་གླིང་ལྷོ་མ། ཨེ་ཤེ་ཡ་ཤར་ལྷོ་སོཌ་སུའང་ཕྱིར་གཏོང་བྱེད་ཀྱི་ཡོད”ཅེས་ཕྱོགས་བཞི་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ཧྥུང་གིས་ངོ་སྤྲོད་བྱས།

    ཡུང་ཁང་ཐེང་མཱ་ལྕགས་རིགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་ཞིང་འཕྲུལ་སྒྲིག་ཆས་ལ་སྤྱོད་པའི་འཕྲུལ་ཆས་ལྷུ་ལག་ཁག་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། ཀྲེ་ཅང་ཆིའུ་ཅིང་ཚན་རྩལ་ཚད་ཡོད་ཀུང་སིར་འཁོར་མདའ་དང་སོ་འཁོར་སོགས་འཕྲུལ་ཆས་ལྷུ་ལག་ཐོན་སྐྱེད་ཟིན་ནས་གློག་སྒུལ་ཡོ་བྱད་དང་འདྲུད་འཐེན་འཁོར་ལོ་སོགས་ཐོན་སྐྱེད་བྱེད་པའི་བཟོ་གྲྭའི་འཁོར་ཁང་དུ་སྐྱེལ་རྒྱུ་རེད། ཡུང་ཁང་དུ་ཞིང་འཕྲུལ་དང་ལྷུ་ལག་ཐོན་སྐྱེད་བྱེད་མཁན་ཁེ་ལས་1600ལྷག་ཙམ་འདུས་པ་དང་སྒུལ་བྱེད་འཕྲུལ་འཁོར་དང་མྱུར་ཚད་སྒྱུར་སྒམ་ནས་གཤེར་གནོན་རིམ་མེད་མྱུར་ཚད་སྒྱུར་ཆས་བར། ཞིང་འཕྲུལ་85%ཡི་འགག་རྩའི་ལྷུ་ལག་རང་ས་ཅན་དུ་ཐོན་སྐྱེད་ཐུབ་ཀྱི་ཡོད་པ་རེད།

    ཡུང་ཁང་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“མཁོ་སྤྲོད་འཁོར་འབྲེལ་འཐུས་སྒོ་ཚང་དུ་སོང་བས་མ་གནས་དམའ་རུ་ཕྱིན་པ་མ་ཟད། འབྲེལ་ཡོད་ཁེ་ལས་གཅིག་འདུས་འཕེལ་རྒྱས་ཀྱང་ཐུབ་ཡོད། ས་གནས་དེ་གར་ཐོན་རྫས་སྣ་ཁ་ཆིག་ཁྲི་ལྷག་ཙམ་ཁྱབ་པ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་230ལས་བརྒལ་བའི་རི་མ་ཐང་གི་རི་ཁུལ་ཞིང་འཕྲུལ་སྒྲིག་ཆས་ཚོ་འདུས་གྲུབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཞིང་འཕྲུལ་སྒྲིག་ཆས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་སོང་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་སྟེ། ཀྲེ་ཅང་གི་ཞིང་ལས་ལོ་ཏོག་རྨོ་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་བསྡུར་ཚད་82.5%ཟིན་པའི་ནང་ཆུ་འབྲས་ཀྱི་འཕྲུལ་ཆས་ཅན་གྱི་བསྡུར་ཚད་91.88%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲལ་དུ་སླེབས་ཡོད་པ་རེད།

    ད་དུང་ཞན་ཆ་གསབ་དགོས་པའང་སྨོས་མེད་རེད། ཅིན་ཧྭ་གྲོང་ཁྱེར་ཞིང་ལས་ཚན་ཞིབ་ཁང་གི་ལག་རྩལ་ཆེ་མོ་བ་ཁྲེན་ཁྲང་ཆིང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གཅིག་དང་བསྡུར་ན་རང་རྒྱལ་གྱི་ཞིང་འཕྲུལ་ཞིབ་འཇུག་གསར་སྤེལ་བྱེད་ནུས་དང་། ཐོན་རྫས་ཀྱི་ནུས་པ་ཚོད་ལྟ་ར་སྤྲོད་བྱེད་པ། ཞིབ་དཔྱད་ཚད་ལེན་གྱིས་གསལ་འབྱེད་སོགས་ལ་ད་དུང་ཧེ་བག་ཡོད་པས་རི་མ་ཐང་གི་རི་ཁུལ་ཞིང་འཕྲུལ་སྒྲིག་ཆས་ཚོ་འདུས་སྔར་བས་རིམ་འཇུག་དང་རིམ་སྤོར་བྱེད་དགོས་ཀྱི་འདུག་ཅེས་ངོ་སྤྲོད་བྱས།

    དཀའ་གནད་ལས་ཇི་ལྟར་སྒྲོལ་དགོས་སམ། ཡུང་ཁང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་སྒྲིག་ཆས་ཚན་རྩལ་གསར་གཏོད་གླིང་དུ་ཞིང་ནགས་འཕྲུལ་ཆས་ཞིབ་དཔྱད་ཚད་ལེན་ལྟེ་གནས་དང་། ནགས་ཚལ་དང་རྩྭ་ཐང་བློ་རིག་གྲོང་ཁུལ། ནགས་ཚལ་དང་རྩྭ་ཐང་སྒྲིག་ཆས་ཞིབ་འཇུག་ཁང་སོགས་ཡོད། “ང་ཚོས་ཚན་རྩལ་གསར་གཏོད་གླིང་གཞི་རྟེན་དུ་བྱས་ནས་རྒྱལ་ནང་གི་འབྲེལ་ཡོད་མཐོ་སློབ་དང་ཞིབ་འཇུག་ཁང་དང་འབྲེལ་གཏུག་བྱས་ཏེ། ཞིབ་སྤེལ་ལྟེ་གནས་དང་ཞབས་ཞུའི་ལྟེ་གནས་བཙུགས་ནས་ཁེ་ལས་གང་མགྱོགས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད”ཅེས་ཡུང་ཁང་མཐོ་གསར་ལག་རྩལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་ཤིན་ཧྥང་གིས་བཤད། རི་ཁུལ་དང་རི་མ་ཐང་གི་ཞིང་འཕྲུལ་སྒྲིག་ཆས་ལ་དམིགས་ནས་ཀྲེ་ཅང་གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གསར་གཏོད་ལས་སྟེགས་20བསྐྲུན་པ་དང་ཁག་དང་པོའི་ཞིང་འཕྲུལ་སྒྲིག་ཆས་ཐོན་རྫས་ཁག་23ཐོན་ལས་ཅན་གྱི་སྒོ་ནས་བེད་སྤྱོད་ཐུབ་ཡོད།

    སྟོན་བསྡུའི་དུས་ཚིགས་སུ་སྤྱོད་བདེ་བའི་ཞིང་འཕྲུལ་དེ་བས་མང་བ་ཐོན་སྐྱེད་བྱས་ཏེ་བཟོ་གྲ་ནས་ཞིང་ཁ་དང་མུ་ཁར་གཏོང་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།